༈ དབྱངས་ཅན་དགྱེས་པའི་རོལ་མཚོ་ལས་རང་སྣང་སྣ་ཚོགས་ཀྱི་དྲན་གཏམ། །

༄༅། །ཀྱེ་མ་ཀྱེ་ཧུད་དཀོན་མཆོག་རིན་ཆེན་གསུམ། །ཨ་ཧཾ་སྐྱིད་སྡུག་ཁྱེད་ཀྱིས་ཅང་མཁྱེན་ནམ། །མཁྱེན་ན་བུལ་མིན་ཐུགས་རྗེའི་སྤྱན་གྱིས་གཟིགས། །མ་མཁྱེན་གསོལ་བ་འདེབས་ལ་ངེས་པར་དགོངས། །རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་། །རིག་འཛིན་ང་ཡི་གནས་བབས་ཅང་གཟིགས་སམ། །གཟིགས་ན་དོན་གཉིས་སྒྲུབ་པའི་དཔུང་གཉེན་དང་། །མ་གཟིགས་དྲན་གཏམ་འདི་ཡི་རྒྱབ་བརྟེན་མཛོད། །གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་ལ། །གངས་མཚོ་སྙོམས་པར་རུང་མ་ཞུགས་རུང་། །རྣམ་ཀུན་མཆོག་ལྡན་ཕོ་བྲང་བས་མཐའ་ན། །ཀུན་བཟང་ཐུགས་བསྟན་པདྨོ་བཞད་ལ་རྨད། །དེ་ན་རྣམ་སྣང་དགོངས་པ་གཞིར་བཞེངས་ཏེ། །གྲངས་མེད་གདུལ་ཞིང་བཀོད་རུང་མ་བཀོད་རུང་། །སྟོང་གསུམ་མི་མཇེད་འཇིག་རྟེན་རྡུལ་སྙེད་ན། །ཐུབ་མཆོག་རྣམ་འདྲེན་བཞི་པའི་ཞིང་འདི་གཏམས། །དེ་ཚེ་ངོ་བོ་གདོད་ནས་དག་པའི་དབྱིངས། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །ཐུགས་རྗེ་ཀུན་ཁྱབ་རྟེན་འབྲེལ་བསླུ་མེད་ལས། །སྣ་ཚོགས་དལ་རྟེན་པདྨོ་ཅི་ཡང་འབུས། །གང་གི་རིག་པ་ཡེ་ཤེས་ཉི་མ་ནི། །དུག་ལྔའི་སྤྲིན་གྱིས་སྒྲིབ་རུང་མ་སྒྲིབ་རུང་། །ཡིད་བྱེད་ཆར་རླུང་དྲག་པོའི་བཙན་དབང་གིས། །འདུས་བྱས་མཚོ་རླབས་གཡོས་པའི་ངང་ཚུལ་དོད། །འདི་ནང་ལྷོ་མོན་ནགས་མོའི་ལྗོངས་ཀྱི་ཁུལ། །དལ་བརྒྱད་འབྱོར་བཅུ་ཚང་རུང་མ་ཚང་རུང་། །དབུལ་འཕོངས་སྐྱིད་སྡུག་འཚང་འཚིང་འཁྲིག་པའི་ཀློང། །གདོས་བཅས་ཕུང་པོར་གྲུབ་པའི་རྣམ་ཐར་བྲིས། །ཆུ་ཕག་ཐོ་རངས་ཨ་མས་བཙས་པའི་རྗེས། །གཅེས་སྐྱོང་གཙང་སྦྲག་ལྡན་རུང་མ་ལྡན་རུང་། །བགྲང་བྱ་བཅུ་ནས་སྤྲང་འཁྱར་དྭ་ཕྲུག་ཆགས། །མངོན་མཐོའི་གྲོང་ན་ངན་སོང་བཞིན་དུ་མནར། །ཇི་ལྟར་དུད་འགྲོའི་ཚང་དུ་སྐྱེས་པ་བཞིན། །བྱམས་བརྩེའི་འོ་མས་བསོས་རུང་མ་བསོས་རུང་། །དཀའ་སྡུག་རླུང་གིས་དེད་པའི་མི་ཚེའི་གྲུ། །ཤེས་བྱ་ནོར་གླིང་བགྲོད་ཚེ་སྐལ་བ་བཟང་། །རྣམ་དཀར་རྭ་ཧོར་གཞན་ཕན་ཆོས་སྣང་བཞིན། །ལས་སྨོན་སྟོབས་ཀྱིས་ཁྱེར་རུང་མ་ཁྱེར་རུང་། །དམ་པའི་ཆོས་ལ་ཕྱོགས་པའི་རྣམ་ཐར་ཞིག །བྱུང་ཁུལ་འདི་ཡང་སྐལ་བཟང་མི་བྲིན་ཅི། །ཨེ་མ་རང་ལོ་བཅུ་གསུམ་ལོན་པའི་དུས། །ཀུན་སློང་ཀུན་སྤྱོད་ལེགས་རུང་མ་ལེགས་རུང་། །དབང་འདུས་ཆོས་ཀྱི་ཕོ་བྲང་ག་ལ་བར། །ལྷ་དང་བླ་མས་བཙུན་པའི་སྒོ་རུ་བཙུད། །ཐུབ་བསྟན་འདབ་བརྒྱ་བཞད་པའི་གྲྭ་ཚང་དེར། །བཀའ་དྲིན་ལན་ལོན་ནུས་རུང་མ་ནུས་རུང་། །གྲོགས་མཆེད་བུང་བ་སྤྲིན་གྱི་ཚོགས་མཉམ་དུ། །ལྟོ་གོས་ཆོས་ཀྱི་ཟིལ་དངར་འཐུང་བར་བཀོད། །དེ་ན་རྣམ་གཡེང་བག་མེད་མཆོར་སྒེག་གིས། །ཤེས་བྱའི་རིག་གནས་སྦྱང་རུང་མ་སྦྱང་རུང་། །བགྲང་དྲོད་ལ་སོགས་སྐྱིད་སྡུག་སྙོམས་པའི་དུས། །སུམ་རྩེན་གྲོང་ན་ཕྱིན་པའི་སྐྱིད་ཉམས་བྱུང་། །དེ་ལྟར་ལོ་ཤས་ཡུད་ཀྱིས་འདས་པའི་རྗེས། །ཕ་མ་སྤུན་ཟླས་བསམ་རུང་མ་བསམ་རུང་། །ཐུགས་བསྐྱེད་བཟང་པོའི་བླ་སློབ་འགའ་དྲིན་གྱིས། །ཁྱུང་དགོན་མདོ་སྔགས་དར་རྒྱས་གླིང་དེར་སླེབས། །དང་པོར་མི་ལས་མར་པ་བསྟེན་པ་དང་། །གཉིས་པར་ན་རོས་ཏི་ལོ་བསྟེན་པ་དང་། །གསུམ་པར་རྟག་ངུས་ཆོས་འཕགས་བསྟེན་ཚུལ་རྣམས། །རིམ་བཞིན་ཚེ་འདིར་བརྙན་པའི་རྟེན་འབྲེལ་འགྲིག །བདག་ལ་རབ་འབྲིང་མཐའ་མའི་འབུལ་བ་སོགས། །གསག་རྒྱབ་དབེན་པས་ཅི་ཡང་མ་འབྱོར་ཀྱང་། །བརྩེ་བས་རྗེས་སུ་འཛིན་པའི་བླ་སློབ་ཏུ། །མར་ཏིལ་ཆོས་འཕགས་དབྱེར་མེད་རྣམ་གསུམ་མཇལ། །མཚན་ལྡན་དགེ་བའི་བཤེས་གཉེན་དང་པོ་རུ། །བཀའ་དྲིན་གསུམ་ལྡན་ཡེ་ཤེས་རིན་ཆེན་མཇལ། །སྐྱབས་འགྲོ་སེམས་བསྐྱེད༌ཆོས༌འབྲེལ༌ལས༌བརྩམས༌ཏེ། །ལྟོ་གོས་ཆོས་གསུམ་ཞུ་བའི་སྐལ་བཟང་ཐོབ། །དེ་ཚེ་མཁོ་ཐང་རིན་ཆེན་གླིང་སོན་ཏེ། །ལུས་ངག་ཡིད་ཀྱི་ཞབས་ཕྱིད་ལས་བརྩམས་ཏེ། །ནང་ཆོས་ཡིད་བཞིན་དབང་རྒྱལ་ལེན་པ་སོགས། །ཤེས་གསུམ་སྣང་བ་གཏོད་པའི་སྒྲོན་མེ་སྤར། །མཚན་ལྡན་དགེ་བའི་བཤེས་གཉེན་གཉིས་པ་རུ། །མཁས་པའི་དབང་པོ་ལེགས་བཤད་རྒྱ་མཚོ་མཇལ། །སྡེབ་སྦྱོར་སྙན་ངག་མངོན་བརྗོད་རིག་གནས་སོགས། །འདི་ཕྱིའི་བློ་མུན་སེལ་བའི་ཟོང་མཆོག་ཞུས། །བཀའ་སློབ་ལེགས་བཤད་གསེར་གྱི་ཡང་ཞུན་དང་། །གཅིག་བསླབ་ཀུན་ཤེས་བློ་གྲོས་འབྱིད་པའི་ཕྱིར། །ཟླ་ཤས་གྲུ་རྫིངས་གཉིས་པའི་འགྲུལ་བཞུད་ཀྱིས། །ཐོས་བསམ་རྒྱ་མཚོར་འཇུག་པའི་སྐལ་བཟང་ཐོབ། །གཞན་ཡང་ལྷ་ཕྲུག་གེ་སར་རྡོ་རྗེ་སོགས། །ཕུ་ནུའི་བྱམས་བརྩེ་ཅན་གྱི་རྒན་རྣམས་ལས། །ཀ་མས་ནས་བཟུང་ཡ་རབས་ཀུན་སྤྱོད་དང་། །གཞི་རིམ་ནང་ཆོས་བསླབ་པའི་སྐལ་བཟང་རྙེད། །བགྲང་བྱ་ཉི་ཤུར་སྨྱོན་པའི་མིང་ཐོགས་ཤིང་། །བཟོད་གླགས་མེད་པའི་དབུལ་འཕོངས་དུཿཁས་ཉེན། །འགྲོ་སྡོད་ཟ་ཉལ་བཞི་ཀའི་བགོ་སྐལ་ཟད། །རི་དྭགས་བཞིན་དུ་ནགས་སུ་འཁྱམས་དགོས་བྱུང་། །བརྩེ་བའི་ཕ་མ་དང་ནི་སྤུན་ཟླ་དང། །རྒྱུ་དང་པེ་ཤ་མེད་པའི་སེམས་ཚོར་གྱིས། །ཅི་བསམ་ཅི་ཟེར་ངེས་མེད་གྱུར་པའི་དུས། །ཀུན་གྱིས་སྙད་ཅིང་ཀུན་ཀྱང་སྡང་བ་བྱུང། །ཆུང་ངུའི་དུས་ནས་དེང་གི་ཤེས་ཡོན་དང་། །ཟས་སྐོམ་བརྙེས་པའི་རིག་རྩལ་མ་སྦྱངས་པས། །མི་ཡུལ་ཁྱི་བཞིན་འཁྱམས་པའི་སྐབས་དེ་ན། །སྤང་འདོན་ཉ་མོ་བཞིན་དུ་བྱ་ཐབས་ཟད། །སྤྱིར་ན་མི་ལུས་བླངས་ཚད་ཐམས་ཅད་ལ། །རང་མཉམ་འཚོ་བའི་སྐལ་བ་རེ་ཡོད་ཀྱང་། །ང་ནི་ཡས་བྲུལ་མས་སྐྱེས་གང་རུང་དང་། །དྲོད་བཤེར་ལས་སྐྱེས་འབུ་བཞིན་འཁྱར་བ་བྱུང། །འགྲོ་ན་ཕ་དང་མ་ཡི་ཡུལ་ནི་མེད། །སྡོད་ན་ལུས་དང་སེམས་ཀྱི་རྟེན་ནི་མེད། །ལས་ན་འཇོན་པའི་བློ་དང་སྟོབས་ཀྱང་མེད། །བསམ་ན་སྔོན་བསགས་དེ་བས་ཆུང་བ་ཅི། །དེ་ཚེ་སྲང་ལ་གཞལ་བའི་བསོད་ནམས་ལྟ། །ཁབ་རྩེས་བླངས་པའི་ཚོགས་ཀྱང་མ་བསགས་སྙམ། །རང་ཤི་བརྒྱབ་པའི་བསམ་པས་ཉེན་དུས་དེར། །སྲིད་གསུམ་སེམས་གསོར་འགུལ་བཞིན་བཤོལ་ཅིག་ཐེབས། །དེ་རྗེས་ལས་སྐལ་ཕྲན་བུས་རྒྱབ་འདེད་ཅིང་། །དད་མོས་ཡུང་སོན་ཙམ་གྱིས་མདུན་བསུས་ཏེ། །མཚན་ལྡན་དགེ་བའི་བཤེས་གཉེན་གསུམ་པ་རུ། །བྱ་བྲལ་རྣམ་དཀར་དོན་ཀུན་གྲུབ་པ་མཇལ། །མཚན་ཙམ་ཐོས་པས་མིག་ལས་མཆི་མ་འཁྲུག །ཞབས་ལ་གཏུགས་པས་བརྩེ་བས་རྗེས་སུ་བཟུང་། །མཐུན་རྐྱེན་ཡོ་བྱད་འདོད་རྒུའི་ཆར་དུ་ཕབ། །བླ་མ་ཡིད་བཞིན་ནོར་བུ་དབྱེར་མེད་མཇལ། །དང་པོ་ཟླ་གསུམ་དེ་ནས་ལོ་གསུམ་བར། །དམ་པ་དེ་ཡི་རྗེས་སུ་སྙེགས་པའི་སྐབས། །གཞོན་པའི་ལོ་དང་དར་བའི་ལུས་གཉིས་ཀྱིས། །ད་དུང་ཆོས་ཀྱི་སྙིང་པོ་ལོན་མ་ནུས། །སྐྱབས་འགྲོ་སྡོམ་པ་བྱང་ཆུབ་སེམས་བསྐྱེད་དང་། །སྤྱོད་འཇུག་བཤེས་སྤྲིངས་ལ་སོགས་གསུངས་པའི་སྐབས། །ལུས་ནི་ཕ་བོང་བཞིན་དུ་དགོན་པར་བསྡོད། །སེམས་ནི་བྱིའུ་ཆུང་བཞིན་དུ་ཁྲོམ་དུ་ཐལ། །སྔོན་འགྲོ་ནས་བཟུང་ཕྱི་སྒྲུབ་ནང་སྒྲུབ་དང་། །ཡང་གསང་མཛོད་བདུན་ལ་སོགས་རྫོགས་ཆེན་གྱི། །བཀའ་ཁྲིད་དབང་ལུང་མན་ངག་བསྩལ་བའི་སྐབས། །རིན་ཐང་མ་ཤེས་གྱི་ནའི་དབང་དུ་ཤོར། །ངེས་འབྱུང་སྐྱོ་ཤེས་ཡིད་ལ་མ་སྐྱེས་པའི། །ངུར་སྨྲིག་མཆོར་པོ་ཀླུབས་པའི་ཆོས་གཟུགས་ཀྱིས། །ཀུན་བཟང་ཞལ་ལུང་ཇི་བཞིན་ག་ལ་བསྟར། །ཐར་པའི་ས་བོན་ཐེབ་ཙམ་ཨ་རེ་ཡོང་། །ལྷུང་མཚོ་བདེ་གླིང་སྦས་ཡུལ་ལ་སོགས་པར། །མི་འདོད་ལུས་པོ་བཙོན་འཚམས་འདམས་པའི་དུས། །ཆོས་ཀྱིས་རང་སེམས་འཐུལ་བ་ལྟ་ཅི་སྨོས། །ཆོས་གཟུགས་འཛིན་པ་ཐམས་ཅད་དགྲ་རུ་བསླངས། །དེ་ན་རྒྱུ་འབྲས་ཚིག་ཅིག་མི་ཤེས་ཀྱང་། །ཚིག་སྐམ་རྫོགས་ཆེན་འུར་སྒྲ་ལྡིར་ལྡིར་གྱི། །བསམ་སྤྱོད་ཉེས་པ་གཞན་རྣམས་མཐོང་བའི་ཚེ། །ཆོས་སྡེར་བློ་ཕམ་ལོག་ལྟ་དང་པོ་སྐྱེས། །རང་ཉིད་ཆོས་དབྱིངས་མཛོད་སོགས་བློར་ཟིན་ཀྱང་། །ཆོས་པའི་དྲི་ཙམ་ཡིད་ལ་མ་གོས་པར། །ཆོས་སྡེར་དམུ་རྒོད་ཅན་དུ་འཚོ་བའི་ཚེ། །རང་ལ་སྐྱུག་བྲོ་ལོག་ལྟ་གཉིས་པ་སྐྱེས། །དེ་ན་ཁག་ཅིག་གཏེར་གསར་ཡིན་བདོག་གིས། །ཌཱ་དྲིལ་རྐང་གླིང་གཙེར་སྒྲ་འུར་འུར་ངང། །ཀུན་སྤྱོད་ཉེས་པའི་སུན་འབྱིན་བདོ་བའི་ཚེ། །ཀུན་ལ་ཞེ་བསུན་ལོག་ལྟ་གསུམ་པ་སྐྱེས། །མདོར་ན་བསམ་མནོ་ཡས་བཏང་མས་བཏང་གིས། །གྲོང་དང་དགོན་པའི་ཁྱད་པར་དཔྱད་པའི་ཚེ། །གཉིས་ཀ་འཚོ་ཐབས་ཁག་ཁར་མཐོང་བའི་མོད། །ལམ་སང་དབེན་པ་སྤངས་ཏེ་རྒྱལ་སར་ཕྱིན། །དང་པོ་རང་ཉིད་བཤད་གྲྭར་འདུག་པའི་སྐབས། །གཞུང་དང་རིག་གནས་རོབ་ཙམ་ཤེས་ཁུལ་དང་། །འགའ་ཡིས་སྐྱོན་མིང་དགེ་བཤེས་བོད་པ་ལས། །འཚོ་སྐལ་ཡག་ཤོས་འཐོབ་པའི་འདུན་པ་བསྐྱེད། །ལོ་གཅིག་ལོ་གཉིས་སྤྲང་འཁྱར་བྱས་པའི་མཐར། །ནང་པའི་ཆོས་དང་རིག་གཞུང་གཉིས་ཀ་ལ། །རྩིས་ཤིང་བསྐུར་བའི་མི་དང་ལས་ཁུངས་ནི། །ཉིན་མོའི་སྐར་མ་ལས་ཀྱང་ཉུང་བར་མཐོང་། །རིམ་གྱིས་ནང་པའི་རིག་གཞུང་བེད་སྤྱོད་སྤོང་། །དེ་ནས་ནང་པའི་ཆོས་ཀྱང་རྒྱབ་ཏུ་བསྐྱུར། །དབྱིན་སྐད་རྒྱ་སྐད་ཉིན་མཚན་བར་མེད་སྦྱངས། །སྟོན་པ་ཡེ་ཤུའི་རྗེས་སུའང་དེ་དུས་ཞུགས། །འཚོ་ཐབས་འདྲ་མིན་རྣམ་པ་སྣ་ཚོགས་བརྟེན། །བཟའ་མོ་གཉིས་ལ་རིགས་མྱུག་རེ་རེ་བསྐྱེད། །ཤི་གསོན་བར་ནས་གཞན་དོན་འགའ་རེ་བསྒྲུབས། །དེ་ཚེ་མི་ཆེན་འགའ་དང་འཁོན་དུ་བྱུང་། །མི་ལོ་བཅུ་ཕྲག་དམ་པའི་ལྷ་ཆོས་དང། །ནང་པའི་མི་དང་རིག་གཞུང་ལ་སོགས་ལས། །རིང་ནས་རིང་བྲོས་རྒྱ་མཚོའི་ཕ་མཐར་སླེབས། །དབྱིན་ཇིའི་ཀུན་སློང་ཀུན་སྤྱོད་ཐམས་ཅད་བསླབས། །བཟང་པོའི་གོས་དང་ཞིམ་དགུའི་ཁ་ཟས་དང་། །ཆང་དང་བུད་མེད་ཁང་ཁྱིམ་མོ་ཊཱ་སོགས། །ཨ་སྒོར་སྟོང་གིས་འབྱོར་པའི་ཕུན་ཚོགས་ལ། །སྐོམ་པས་ལན་ཚྭའི་ཆུ་འཐུང་བཞིན་དུ་སྤྱོད། །དབྱིན་སྐད་ཡི་ཤུ་སྐྱེ་ལྡན་རིག་པ་དང། །ཉི་ཟླ་གཟའ་སྐར་རྡུལ་གྱི་ཕྲ་རབས་སོགས། །སྐད་དང་གྲུབ་མཐའ་ཚན་རིག་ངོམས་མེད་སྦྱངས། །འཛམ་གླིང་གཙུག་ལག་ཐོན་པའི་ཁེངས་དྲེགས་བྱུང་། །ཕྱི་ལྟར་སྐྱིད་སྐྱིད་འདྲ་བའི་ཕུན་ཚོགས་ལ། །ཇི་ཙམ་དགའ་དགའ་འདྲ་བོར་སྤྱོད་ན་ཡང་། །ནང་ལྟར་དུང་དུང་ཡིད་ཀྱི་དྲྭ་ཟུར་ན། །སྐྱོ་སྣང་ལྷང་ལྷང་ལྡང་ཞིང་འོ་རེ་བརྒྱལ། །ཕར་བལྟས་ཡུལ་ལྔ་དགྲ་རུ་ལྡང་ངོ་སྙམ། །ཚུར་བལྟས་དབང་པོ་ལྔས་ཀྱང་བསླུས་སོ་སྙམ། །ཇི་ལྟར་བྱས་ཀྱང་མགུ་བར་མ་ནུས་པའི། །འཁྲུལ་སྣང་འཇའ་མཚོན་དེད་ཅིང་ཨ་ཐང་ཆད། །ཕྱི་ལོ་ཉིས་སྟོང་ཉི་ཤུར་ནད་ཡམས་ཀྱིས། །ཕྱེད་ཤི་ལན་གཅིག་སྨན་དཔྱད་ལན་གཉིས་དང་། །བདུན་ཕྲག་གཉིས་ཙམ་བསམ་ཞིབ་བྱས་པའི་རྗེས། །ནང་པའི་ཆོས་ལ་དད་མོས་གསར་དུ་སྐྱེས། །ཟླ་གསུམ་བློ་ལྡོག་རྣམ་བཞི་ལས་བརྩམས་ཏེ། །སྐྱབས་འགྲོ་སེམས་བསྐྱེད་བཤགས་སྦྱོངས་རེམས་པའི་སྐབས། །འཆི་བདག་ཞགས་པས་ཟུན་པའི་སེམས་ཤུགས་ཀྱིས། །ཅི་བྱས་ཁྲི་འགྱུར་འབུམ་འགྱུར་སོང་བར་ཚོར། །སྔར་གྱི་བཤེས་དང་གྲོགས་རྙིང་འགའ་ཡིས་གཙོས། །གྲྭ་ཚང་དགོན་སྡེ་གནས་ཆེན་ཁག་ཁག་ཏུ། །ཅི་འབྱོར་དངུལ་དང་རྒྱུ་ཡི་ཡོན་ཕྲན་འབུལ། །བཤགས་སྨོན་བརྒྱ་སྟོང་བཏོན་པའི་རྒྱབ་རྟེན་ཞུས། །ཉིན་རེ་བཞིན་དུ་ཕྱག་རྫོགས་དབུ་མའི་གཞུང་། །རིག་པ་འཛིན་པའི་ཤིང་རྟ་བཅུ་གཉིས་རྣམས། །ཡང་ཡང་བཀླག་ལ་འབད་པའི་རང་བྱན་བཙུད། །དཀའ་གནད་རིམ་བཞིན་དཔོག་པའི་སྐལ་བཟང་བརྙེས། །བཤད་པའི་སྡེ་ན་འཆད་དང་རྩོད་པའམ། །སྒྲུབ་པའི་རི་ཁྲོད་དུང་ཕྱུར་བསྙེན་པ་ལས། །སྡེ་གསུམ་རྒྱུད་བཞིའི་དགོངས་པ་རང་མལ་ན། །གར་འདུག་ཅི་དགར་བཀྲོལ་བའི་སྐབས་ཤིག་བྱུང་། །དེ་རྗེས་དང་པོ་བསླུ་མེད་དཀོན་མཆོག་དང་། །གཉིས་པ་གཡེལ་མེད་རྩ་གསུམ་ཐུགས་རྗེ་ལས། ། (Portion redacted) བསྐྱེད་པའི་སྙིང་པོ་མ་ཧཱ་ཡོ་ག་ལ། །ཐུགས་རྗེ་དག་རྫོགས་སྨིན་གསུམ་གཞིར་བཞག་ཐོག །རང་བཞིན་སྣང་གྲགས་རིག་པའི་ཚོགས་ཐམས་ཅད། །ངོ་བོ་གདོད་མའི་ལྷ་དང་བླ་མར་སྤྱོད། །རྫོགས་པའི་སྙིང་པོ་ཨ་ནུ་ཡོ་ག་ལ། །གཞི་དབྱིངས་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དང། །རང་བྱུང་ཀུན་བཟང་བདེ་ཆེན་ལྷུན་གྲུབ་གཉིས། །དབྱེར་མེད་བྱང་སེམས་ལྷན་ཅིག་སྐྱེས་པར་སྒོམ། །ཟུང་འཇུག་སྙིང་པོ་ཨ་ཏི་ཡོ་ག་ལ། །རང་རིག་ཡེ་སངས་རྒྱས་པར་ཐག་ཆོད་དེ། །ཡེ་བབས་སོར་བཞག་ལྷུན་གྲུབ་ཐོད་རྒལ་ངང། །སྣང་སྲིད་ཆོས་ཉིད་རོལ་པའི་ངང་དུ་ལྟ། །འབྲས་བུའི་སྙིང་པོ་དྲི་མེད་ཟང་ཐལ་ལ། །རྣམ་དག་ལྷུན་གྱིས་གྲུབ་པ་གཞིར་བཞག་ཐོག །ལས་ཉོན་སྡིག་སྒྲིབ་རང་ཤར་རང་གྲོལ་ངང་། །མི་འགྱུར་མི་ལྡོག་བཙན་ས་འཛིན་དུ་གཞོལ། །འདི་ལ་ལ་ལས་གད་མོ་དགོད་ཀྱང་ཅི། །སུ་དང་གང་གིས་འཕྱ་སྨོད་གཏོང་ཡང་ཅི། །ས་དང་ཟུར་ནས་མཛུབ་མོ་བཀེར་ཀྱང་ཅི། །རང་གིས་རང་མི་བསླུ་ན་ཆོག་པར་སེམས། །བླ་མར་མོས་གུས་གདུང་ཤུགས་ཆེས་ཆེར་སྤོར། །ཆོས་ལ་དག་སྣང་ཡིད་ཆེས་ལྷང་ལྷང་སྤེལ། །འགྲོ་ལ་རྩོལ་མེད་སྙིང་རྗེ་ཡང་ཡང་སྦྱོངས། །འདི༌གསུམ་ཆོས་ཀྱི་སྙིང་པོར་ལེན་ལ་འབད། །མཁས་པའི་གཏན་ཚིགས་དམ་བཅའ་བསླབ་ལོང་མེད། །ལྷ་མཐོང་འདྲེ་ཐུལ་འུར་སྒྲ་བསྒྲག་ལོང་མེད། །གྲོང་ལྟག་དགོན་པའི་འགོ་འཛིན་བྱ་ལོང་མེད། །རིག་འཛིན་གོང་མའི་རྒྱལ་ས་ཁོ་ནས་མཆོག །ཀྱེ་མ་རང་ལུས་ཨར་འདམ་བྲག་རོང་ནང་། །མི་འདོད་འཚོ་བསྐྱལ་ཞགས་པས་འཆིང་ན་ཡང་། །རང་སེམས་ཚོགས་དྲུག་ཡུལ་ལས་མཚམས་བཅད་དེ། །རང་གཞན་དོན་གཉིས་སྒྲུབ་པའི་སྐལ་བཟང་རྨད། །ཆོས་ཀྱི་རྩ་བར་སྐྱབས་འགྲོ་སེམས་བསྐྱེད་དང་། །དགེ་སྦྱོང་སྙིང་པོར་ཚོགས་གསག་སྒྲིབ་སྦྱོང་བརྩོན། །ཞོར་དུ་རང་བསྟེན་མི་ལ་ཕན་རེ་འདོགས། །མི་ཁྲོད་རིག་འཛིན་རློམས་ཤིང་ཡིད་རེ་སྤྲོ། །འདི་ལ་དགོད་ཅིང་འཕྱ་སྨོད་གཏོང་བ་དང་། །ཡང་ན་སྡང་ཞིང་གནོད་འཚུབ་རྩོམ་པ་འམ། །དེ་མིན་འཛུམ་ཞིང་ངོ༌བསྟོད༌བཤད༌པ་རྣམས། །མདང་གི༌རྨི༌ལམ༌ཙམ་དུ་བློ་ཡིས་ཐོང་། །སྦྱིན་པའི་རྩ་བར་མགྲོན་བཞི་མཆོད་ལ་འབད། །ཚུལ་ཁྲིམས་རྩ་བར་སྔགས་ཀྱི་དམ་ཚིག་སྲུང་། །བཟོད་པའི་སྙིང་པོར་ཞང་འཁོར་གདུག་རྩུབ་སྲན། །བརྩོན་འགྲུས་སྙིང་པོར་ཆོས་སྤྱོད་བྱ་བར་སྤྲོ། །བསམ་གཏན་རྩ་བར་སྐུ་དང་ཡེ་ཤེས་སྒོམ། །ཤེས་རབ་རྩ་བར་ཉག་ཅིག་རྩ་གདར་གཅོད། །ཐབས་སྨོན་སྟོབས་དང་ཡེ་ཤེས་བཞི་ཀ་ཡང་། །རིམ་བཞིན་སྐུ་གསུམ་ལམ་དུ་ཧུབ་ཀྱིས་དྲིལ། །སྐབས་འགར་ཚེ་སྟོད་མྱངས་པའི་སྡུག་རུས་ལ། །ལན་རེ་བལྟས་ཀྱང་སྐྱོ་སྣང་དུང་དུང་རེ། །སྐབས་འགར་ད་ལྟ་བྱུང་བའི་འབྲས་བུ་ལ། །མ་བལྟས་ན་ཡང་དགའ་ཚོར་ལྷང་ལྷང་རེ། །ཀྱེ་ཀྱེ་རྣལ་འབྱོར་དབང་ཕྱུག་མི་ལ་དང་། །ཀུན་མཁྱེན་དབང་པོ་ཀློང་ཆེན་རབ་འབྱམས་དང་། །རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་རྣམས། །ཧ་ཅང་སྡུག་རུས་ཆེ་རུ་མ་སོང་ངམ། །ཡང་ན་མཁྱེན་བརྩེ་དཔལ་སྤྲུལ་རིན་པོ་ཆེ། །ཡེ་རྡོ་མི་འགྱུར་ནམ་མཁའི་རྡོ་རྗེ་སོགས། །དམ་པའི་ཞབས་རྡུལ་རེག་པའི་འབུ་སྲིན་གྱི། །རྣམ་སྤྲུལ་ང་ནི་ཤིན་ཏུ་སྒྱིད་ངན་ནམ། །དེ་མིན་གཞན་ཕན་ཆོས་ཀྱི་སྣང་བ་དང་། །མཁས་དབང་རྭ་ཧོར་རྣམ་དཀར་ཟུང་བརྒྱུད་པའི། །རྗེས་གནང་འོད་གསལ་སྙིང་གི་ཐིག་ལེ་དེ། །ཧ་ཅང་བྱིན་རླབས་ཆེ་བ་མ་ཡིན་ནམ། ། (Portion Redacted) རང་ནི་ཅི་ཡང་མི་ཤེས་མི་འཇོན་ལགས། །སྡེ་དང་ཆོས་ཁོངས་གཏོགས་པའང་མ་མཆིས་ཤིང་། །ཟང་ཟིང་ནོར་གྱི་འདོད་པའང་སྤོང་ཟིན་དུས། །བསྟན་འགྲོའི་ཁ་སྙད་དེ་ཡིས་ཅི་ཡོང་སྙམ། །ཉིན་འགའ་བསམ་ཞིབ་ཡང་ཡང་བྱས་པའི་རྗེས། །ས་རྡོ་བརྩེག་པའི་དགོན་པ་བཞེང་པ་དང་། །བྱི་གཞོན་བསྡུད་པའི་ཆོས་སྡེ་འཛུག་པ་ལས། །གདན་གསུམ་དགོན་འདི༌ཡུན་ཙམ་འཛིན་ནོ་བསམ། །རབ་ཏུ་རང་ཚུགས་ཟིན་པའི་བྱ་བྲལ་ཞིག །འབྲིང་དུ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐའ་མའང་བསྟན་པའི་ཞབས་འདེགས་སྦྱིན་བདག་ཞིག །མ་ཡོང་བར་དུ་གསོན་པའི་གདེང་ཞིག་འཆའ། །ཨེ་ཧོ་གནས་ཡུལ་དག་པའི་དགོན་པ་ན། །འདུ་བ་སྨིན་པའི་ལྷན་སྐྱེས་འཁོར་ལོ་ལ། །སྒྲོན་མར་འགྱེད་པའི་ཆོས་ཀྱི་འཁོར་ལོ་འདི། །རིག་འཛིན་བསྟན་པ་འཛིན་ཕྱིར་དེ་ནས་སྐོར། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུཊ་སོགས། །ཆོས་བརྒྱུད་གང་ལའང་མི་གཏོགས་རང་ཚུགས་བཟུང་། །མི་ཆེན་བླ་ཆེན་བསྐུར་བའི་ངལ་བའང་སྤོང། །གུ་ཡངས་བློ་བདེའི་བརྟུལ་ཞུགས་སྤྱོད་ཀྱིན་འགྲོ། །བསྟན་འགྲོའི་སྲི་ཞུ་རླབས་ཆེར་མ་གྱུར་ཀྱང་། །གར་གནས་སུ་འགྲོགས་ཆོས་དང་བསྟུན་པ་ཡིས། །རིག་འཛིན་འཚོ་བའི་འབྱུང་འགྱུར་རྣམ་ཐར་རྣམས། །མ་འཆི་བར་དུ་རིམ་བཞིན་འདི་ན་འགོད། །ཀྱེ་ཀྱེ་དཀོན་མཆོག་རིན་ཆེན་རྩ་བ་གསུམ། །བདག་གི་བེམ་རིག་མཉམ་འབྱར་གོག་ཧྲུལ་འདི། །གཞན་ལ་སྨན་ན་ཡུན་འཚོ་བདེ་བར་གསོ། །དེ་མིན་ཕངས་མེད་ལིང་གིས་བསྐྱུར་ནུས་ཤོག །བདག་གི་ཟོང་ཆས་ཀུན་གྱི་མཆོག་གྱུར་པ། །སྐར་ཆ་རེ་རེ་བཞིན་གྱི་དུས་ཚིགས་ཀྱང། །གཞན་ཕན་བྱ་བའི་གཏན་རྩར་མ་འཛུག་ན། །ཧོབ་འཕྲོག་རྣམ་གཡེང་ཇག་པར་མི་འཆོར་ཤོག །ཡར་སྔོན་ཆབ་སྲིད་ཉེས་པའི་དབང་སོང་སྟེ། །བདག་གིས་མི་ཆེན་གྲོས་ལ་ཇུས་གཏོགས་ཤིང། །མཛའ་བའི་མི་གྲོགས་སྡུག་ལ་འབྱར་ཡོད་ན། །བུ་ལོན་ལན་ཆགས་ཚེ་འདིར་བྱང་བར་ཤོག །ཀྱེ་ཧུད་ཧི་མ་ལ་ཡའི་གངས་རྒྱུད་ནང་། །ཕྱི་རོལ་འཚོ་སྐྱོང་འཚེ་བ་ཡས་ནས་ཞི། །ནང་དུ་བསམ་བརྗོད་འཚེ་བ་མས་ནས་ཀློད། །གསང་བར་ཆོས་ལ་འཚེ་བ་བར་ཡལ་ཤོག །ཀུན་ཀྱང་རང་རང་འདོད་པའི་རེ་སྒུག་ལྟར། །རྩོམ་པའི་བྱ་བ་བགེགས་མེད་མཐར་ཕྱིན༌ཞིང་། །ནད༌ཡམས༌དམག༌འཁྲུཊ༌མུ༌གེས་མི་ཉེན་པར། །དཀོན་མཆོག་གསུམ་གྱིས་རྟག་ཏུ་སྐྱོབ་པར་ཤོག །གཞན་ཡང་གནོད་ཅིང་འཚེ་བའི་ལོག་འདྲེན་དང་། །བདུད་དང་དམ་སྲི་མི་དང་མི་མིན་རྣམས། །བསམ་ངན་གདུག་རྩུབ་ཆོས་ཀྱི་དབྱིངས་སུ་ཞི། །སྙིང་རྗེ་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོག །བདག་ཀྱང་ཇི་སྲིད་འཚོ་བ་དེ་སྲིད་དུ། །རྣམ་དཀར་ལྷག་བསམ་ལྗོན་པའི་སྡོང་པོ་ལས། །གཞན་ཕན་གཡུར་དུ་ཟ་བས་མི་ངལ་ཞིང། །མི་མཐུན་གཡུལ་ལས་རྟག་ཏུ་རྒྱལ་བར་ཤོག །མདོར་ན་བདག་ཉིད་སྐྱེ་བའི་ཉིན་ནས་བཟུང་། །ནམ་ཞིག་བེམ་རིག་སོ་སོར་མ་འབྲལ་རིང་། །བཟང་ངན་འབྲིང་གི་འབྲེལ་བ་ཐོགས་ཚད་ཀུན། །ཕྱམ་ཅིག་སངས་ཆུང་མཉམ་དུ་བརྒྱ་བར་ཤོག །དེ་ལྟར་གསོལ་འདེབས་སྨོན་པའི་རང་སྣང་གི །གཏམ་འདི་གང་གིས་མཐོང་ངམ་ཐོས་པའི་མོད། །དགའ་དང་མི་དགའི་ཚོར་བ་གང་སྐྱེས་ཀྱང་། །དེ་རྒྱུད་ཐར་པའི་ས་བོན་ཐེབ་པར་ཤོག ། ། ། ཅེས་པའང་༑ རིག་འཛིན་བེམ་རིག་མཉམ་འབྱར་གྱི་གོག་ཧྲུལ་རང་ཉིད། (Portion redacted) ད་གཟོད་ཅིས་ཀྱང་གང་དྲན་ཚིགས་སུ་བཅད་པའི་གཏམ་ཞིག་འབྲི་སྙམ་པའི་མོད་ལ། སེམས་འགུལ་གྱི་རྦ་རླབས་གཡོས་ཏེ། ཚིག་ཕྲེང་གྱི་ཆུ་འཛིན། ཤོག་ངོས་ཀྱི་ལྷ་ལམ་དུ། ཚེགས་མེད་དུ་དཀྲིས་པ་ལས། སྐྱུག་བྲོ་བའི་སྙན་ངག་གི་སྦྲང་ཆར། འདི་ལྟར་འབེབ་པའི་དགེ་བས་ཀྱང་ དང་པོ་རང་ཉིད་རིག་པ་འཛིན་པའི་གདུང་འཚོབ་པ་དང་ གཉིས་པ་གཞན་དག་མཐོང་ཐོས་དྲན་རེག་བྱུང་ཚད་ཀྱང་ འོག་མིན་པདྨ་འོད་དུ་བགྲོད་པའི་རྒྱུར་དམིགས་ཏེ་ རིག་འཛིན་སྐར་མ་རང་གིས་བཀོད་པ་དགེའོ། ། ། ། ཛཱཡནྟུ། །

བརྡ་གསོལ༑ རང་སྣང་སྣ་ཚོགས་ཀྱི་དྲན་གཏམ་འདིའི་ཆ་ཤས་བརྒྱ་དཔྱ་༥༠ ཙམ་རེ་ཞིག་ཕྱིར་འཐེན་བྱས་པ་ལགས། དགོངས་དག་ཞུ། །