སྙན་ངག་ལེའུ་བར་པའི་དཔེར་བརྗོད་དབྱངས་ཅན་རྒྱུད་མངས།

 ༈ སྙན་ངག་ལེའུ་བར་པའི་དཔེར་བརྗོད་དབྱངས་ཅན་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །
གྲུབ་དབང་ལུང་རྟོགས་ཆོས་ཀྱི་སྣང་བའི་གསུང་།

༄༅། །ན་མོ་ས་ར་སྭ་སྟི་ཡེ། །རིང་ནས་ཤེས་རབ་མཆོག་སྩོལ་དབྱངས་ཅན་མ། །རྣམ་ཀུན་བདག་གི་ཡིད་མཚོར་རྟག་རོལ་ནས། །སྙན་ཚིག་ཕང་འགྲོའི་སྒྲ་ལས་དྲངས་ཏེ་འདིར། །ཕན་པའི་ངག་གིས་དཔེར་བརྗོད་མདོ་ཙམ་སྤེལ། །ཞེས་མཆོད་པར་བརྗོད་པ་དང་དམ་བཅའི་ལས་ཚིག་སྔོན་དུ་བཏང་ནས། འདིར་སྙན་ངག་ལེའུ་བར་པའི་དཔེ་བརྗོད་བསྟན་པ་ལ། དོན་རྒྱན་སུམ་ཅུ་རྩ་ལྔའི་དང་པོ་རང་བཞིན་བརྗོད་པའི་རྒྱན་ལ་བཞི་ལས། དང་པོ་རིགས་ཀྱི་རང་བཞིན་བརྗོད་པ་ནི། དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དང་། །བདེན་གཉིས་ངོ་བོ་བསྟན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་གསུམ་གྱིས་དགེ་ལེགས་སྩོལ། །གཉིས་པ་བྱ་བ་བརྗོད་པ་ནི། བརྩོན་པའི་དབང་གིས་བྱང་ཆུབ་མཆོག་རབ་བརྙེས། །སྨོན་ལམ་དབང་གིས་རྩོད་ལྡན་འགྲོ་ལ་གཟིགས། །ཐུགས་རྗེའི་དབང་གིས་ལེགས་པའི་ལམ་སྟོན་པ། །མཉམ་མེད་ཤཱཀྱ་རྒྱལ་པོ་ཕྱག་གི་གནས། །གསུམ་པ་ཡོན་ཏན་བརྗོད་པ་ནི། སངས་རྒྱས་བསྟན་པའི་ཆོས་སྒོར་ཞུགས་ཙམ་གྱིས། །མཐོ་རིས་ཐར་པའི་དགའ་བདེ་ཐོབ་གྱུར་ན། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཐབས། །བླ་མ་མཆོད་པ་མཆོག་སྟེ་དེ་ལ་འདུད། །བཞི་པ་རྫས་བརྗོད་པ་ནི། རྣམ་གསུམ་ངུར་སྨྲིག་གོས་ཀྱིས་རབ་མཛེས་ཤིང་། །ཕྱག་ན་འཆི་མེད་ཚེ་ཡི་བུམ་པ་འཛིན། །ཞལ་རྒྱུན་ཐུགས་ཀར་འཁྱིལ་བའི་ངོ་མཚར་ཅན། །མཐུ་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་བགྱིའོ། །གཉིས་པ་དཔེ་རྒྱན་སུམ་ཅུ་རྩ་གཉིས་ལས། དང་པོ་ཆོས་དཔེ་ནི། དབྱངས་ཅན་ལྷ་མོ་ཁྱོད་ཀྱི་བཞིན་རས་ནི། །སྟོན་ཟླ་འབུམ་གྱི་དཔལ་ཡོན་བསྡུས་པ་བཞིན། །ཁྱོད་ཞལ་འཛུམ་པའི་རླབས་ཕྲེང་ཕྲ་མོས་ཀྱང་། །ཤེས་རབ་གསུམ་གྱི་ལང་ཚོ་རྒྱས་པར་བྱེད། །གཉིས་པ་དངོས་པོའི་དཔེ་ནི། ཐེག་མཆོག་སྙིང་པོའི་ཤིང་རྟ་ཀློང་ཆེན་པ། །སྤངས་རྟོགས་ཡོན་ཏན་སངས་རྒྱས་ཀུན་དང་མཚུངས། །མཁས་ཚུལ་གསུམ་གྱིས་རྒྱལ་བསྟན་སྤེལ་བའི་ཚུལ། །འཕགས་ཡུལ་རྒྱན་དྲུག་མཁས་པའི་རྗེས་སུ་འགྲོ། །གསུམ་པ་བཟློག་པའི་དཔེ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་བཞིན་དུ། །ཤེས་བྱའི་རང་བཞིན་དེ་ཡང་ཕ་མཐའ་མེད། །སྟོང་ཉིད་མངོན་སུམ་རྟོགས་པའི་བློ་བཞིན་དུ། །ནམ་མཁའི་ཁམས་ཀྱི་རང་བཞིན་དམིགས་སུ་མེད། །བཞི་པ་ཕན་ཚུན་གྱི་དཔེ་ནི། གསལ་སྟོང་དབྱེར་མེད་སྒོམ་པའི་ལྷ་སྐུ་བཞིན། །དྭང་མའི་མཁའ་ལ་འཆར་བའི་འཇའ་ཚོན་མཛེས། །དབང་གཞུ་མཁའ་ལ་འདྲེས་པ་ཇི་བཞིན་དུ། །མཚན་བཅས་མཚན་མེད་དབྱིངས་སུ་རྫོགས་པ་ལགས། །ལྔ་པ་ངེས་པའི་དཔེ་ནི། ཐེག་མཆོག་དབུ་མའི་ལྟ་བ་མངོན་སུམ་དུ། །གཟིགས་ནས་གཞན་ལ་འདོམས་མཁས་ཁོ་བོའི་རྗེ། །དཔལ་ལྡན་ཟླ་བ་གྲགས་པ་ཉིད་མཚུངས་ཀྱི། །དཔེ་ཟླ་གཞན་ནི་སྲིད་པའི་ཁོང་ན་དབེན། །དྲུག་པ་ངེས་མེད་ཀྱི་དཔེ་ནི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །མངོན་སུམ་གཟིགས་པ་ཁོ་བོའི་བླ་མ་ཙམ། །གཞན་དུ་གྲུབ་པའི་དབང་ཕྱུག་གང་མཆིས་ཀྱང་། །མགོན་པོ་ཁྱོད་ཀྱི་རྗེས་སུ་འགྲོ་བ་ཙམ། །བདུན་པ་བསྡུས་པའི་དཔེ་ནི། གསང་སྔགས་ཆོ་གའི་ཕྱག་ལེན་མཁས་ཙམ་གྱིས། །རྡོ་རྗེ་འཛིན་པ་འོས་ཞེས་བརྗོད་མིན་ཏེ། །ཅིར་སྣང་རིག་པའི་ཆོ་འཕྲུལ་དུ་རྟོགས་ཏེ། །གཉིས་མེད་ཡེ་ཤེས་གཟིགས་པ་མངའ་བས་ཀྱང་། །བརྒྱད་པ་ཕུལ་བྱུང་གི་དཔེ་ནི། ཤེས་བྱ་སྤྱི་མཚན་གཏན་ལ་ཕབ་པ་དང་། །རང་མཚན་མངོན་སུམ་ཉམས་སུ་མྱོང་བ་གཉིས། །ལྟ་དང་སྒོམ་པའི་ཁྱད་པར་ཙམ་མ་གཏོགས། །དབྱིངས་ཡེ་འདུ་འབྲལ་མེད་པའི་ངང་དུ་གཅིག །དགུ་པ་རབ་བཏགས་ཀྱི་དཔེ་ནི། བདེ་གཤེགས་སྙིང་པོ་རང་ལ་ཡོད་དོ་ཞེས། །རྟོག་གེ་བ་དག་སྙེམས་པ་ག་ལ་རིགས། །ཚུལ་དེ་སྲོག་ཆགས་འཇག་མའི་སྲིན་བུ་ལའང་། །ཡོད་པར་ཚད་མའི་ལུང་གིས་གྲུབ་ཕྱིར་རོ། །བཅུ་པ་རྨད་བྱུང་གི་དཔེ་ནི། རྟག་དང་ཆད་བའི་ལམ་དུ་གོལ་བ་རྣམས། །གཉིས་མེད་ཡེ་ཤེས་མཐོང་བའི་མིག་ལྡན་ན། །ཤེས་བྱ་མ་འདྲེས་ཅིག་ཅར་གཟིགས་པ་ཡི། །ཐམས་ཅད་མཁྱེན་པའི་སྤྱན་གྱི་འགྲན་ཟླར་འགྱུར། །བཅུ་གཅིག་པ་རྨོངས་པའི་དཔེ་ནི། ཅིར་སྣང་རིག་པའི་ཆོ་འཕྲུལ་ཡིན་པ་ལ། །འདི་དང་འདི་ཞེས་བཏགས་པའི་བག་ཆགས་ཀྱིས། །རང་གནས་གཞི་ཡི་ཡེ་ཤེས་འཆར་བའི་ཚེ། །གཞན་དང་གཞན་དུ་བཟུང་བས་འཁོར་བར་འཁྲུལ། །བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། རྣམ་གྲོལ་ཐར་པའི་ལམ་དུ་འཇུག་པ་ལ། །ལྟ་བའི་མིག་གིས་དཔྱད་དེ་བགྲོད་པའམ། །འཇོག་པ་རྐང་པའི་སྟབས་ཀྱིས་བགྲོད་དམ་ཅི། །ཇི་ལྟར་བརྟགས་ཀྱང་བདག་ཡིད་འཕྱང་མོ་ཉུག །བཅུ་གསུམ་པ་གཏན་ཕེབས་ཀྱི་དཔེ་ནི། རྣམ་གྲོལ་ཐར་པའི་ལམ་དུ་འཇུག་པ་ལ། །མིག་མེད་ལམ་འཕྲང་མི་ཤེས་རྐང་པས་མིན། །རྐང་མེད་ས་རྒྱ་མི་ཆོད་མིག་ཀྱང་མིན། །ལྟ་དང་སྒོམ་པའི་ཚུལ་གཉིས་ངེས་པར་དགོས། །བཅུ་བཞི་པ་སྦྱར་བའི་དཔེ་ནི། འདུས་བྱས་མཚན་ཉིད་ཀུན་ལས་རབ་འདས་ཤིང་། །ཀུན་ཁྱབ་རྡུལ་མེད་རྡུལ་བྲལ་སྟོང་པ་ཉིད། །ཆོས་ཅན་རྣམ་པ་ཀུན་གྱི་འཆར་གཞི་སྟེ། །ཆོས་ཀྱི་དབྱིངས་ནི་མཐའ་བྲལ་ནམ་མཁའ་བཞིན། །བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ་ནི། སྐྱབས་མགོན་ངག་དབང་རྣམ་པར་རྒྱལ་བའི་སྡེ། །གངས་ཅན་སྤྲུལ་པའི་ཆོས་རྒྱལ་ཉིད་དང་མཉམ། །ལུགས་གཉིས་ཁྲིམས་ཀྱི་འཁོར་ལོས་བསྒྱུར་བ་དང་། །མཐར་བཞི་རྣམ་པར་གནོན་པའི་ངོ་མཚར་མཐོ། །བཅུ་དྲུག་པ་སྨད་པའི་དཔེ་ནི། ནམ་མཁའ་མཐའ་དང་བྲལ་ཡང་སྤྲིན་གྱིས་གོས། །ཉི་ཟླ་འོད་དང་ལྡན་ཡང་མཁྱེན་ཆ་བྲལ། །སྐར་ཚོགས་མང་ཡང་བྲལ་སྨིན་ཡོན་ཏན་དབེན། །རྒྱལ་བའི་དགོངས་པ་གང་གིས་མཚོན་དུ་མེད། །བཅུ་བདུན་པ་བསྔགས་པའི་དཔེ་ནི། དྭགས་པོ་ལྷ་རྗེ་རྒྱལ་བའི་ལུང་གིས་བསྔགས། །དཔལ་ལྡན་འབྲུག་པ་ཕྲིན་ལས་མཁའ་དང་མཉམ། །དེ་དག་ཉིད་དང་ཀུན་གཟིགས་པདྨ་དཀར། །ཕྱག་རྒྱ་ཆེན་པོའི་ལམ་སྲོལ་འབྱེད་ལ་མཚུངས། །བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ་ནི། མཁས་དང་གྲུབ་པའི་སྙན་གྲགས་མཐོ་ཡང་རུང་། །སྦས་པའི་བརཏལ་ཞུགས་བཟུང་བས་དམན་ཀྱང་རུང་། །ཁོ་བོའི་སྐྱབས་རྗེ་ཆོས་ཀྱི་གྲགས་པ་ནི། །ཀླུ་སྒྲུབ་ཞབས་དང་མཚུངས་ཞེས་བརྗོད་པར་འདོད། །བཅུ་དགུ་པ་འགལ་བའི་དཔེ་ནི། ཆུ་ཀླུང་སྟོང་ཕྲག་འདུ་བའི་རྒྱ་མཚོ་དང་། །སྲེག་ཟ་རབ་ཏུ་འབར་བའི་མེ་དཔུང་དང་། །ཀུན་ཏུ་ཆོག་ཤེས་མེད་པའི་བློ་འདི་གསུམ། །ངོམས་མེད་འགྲན་པར་མཚུངས་ཀྱང་སོ་སོར་འགལ། །ཉི་ཤུ་དགག་པའི་དཔེ་ནི། དེང་སང་ཐ་སྙད་ཚད་གྲུབ་འདོད་པ་དང་། །དོན་དམ་བདེན་པས་སྟོང་པར་ལྟ་བ་དག །དཔལ་མགོན་ཀླུ་དབང་ཞབས་ཀྱི་དགོངས་པ་དང་། །མཚུངས་པར་རློམས་ཀྱང་ཁྱད་པར་གནམ་ས་ཙམ། །ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ་ནི། ནཱ་རོ་ཏ་པ་པཎ་གྲུབ་ཡོངས་ཀྱི་དབུས། །རྒྱ་རས་བུ་ཆེན་འདུས་པའི་ཁྱམས་ཆེན་པོར། །བཞུགས་ཀྱང་འབྲེལ་ཚད་ཐར་པའི་གྲོང་མཆོག་ཏུ། །འདྲེན་པའི་ཐབས་ཚུལ་མཛད་ལ་ཁྱད་པར་མེད། །ཉེར་གཉིས་པ་དེ་ཉིད་ཀྱི་དཔེ་ནི། དཀར་གསལ་འདི་ནི་བླ་མའི་ཞལ་རས་ཏེ། །སྟོན་ཟླ་ཆ་ཤས་རྫོགས་པའི་དཀྱིལ་འཁོར་མིན། །དམར་སེར་འདི་ཡང་མཚམས་སྤྲིན་གཡོ་བ་མིན། །རྣམ་གསུམ་ངུར་སྨྲིག་གོས་ཀྱིས་མཛེས་པ་ལགས། །ཉེར་གསུམ་པ་ཐུན་མིན་གྱི་དཔེ་ནི། གློག་དང་ཟླ་བའི་འོད་ལས་རབ་འདས་ཤིང་། །གསལ་ལ་ངོས་བཟུང་མེད་པའི་འོད་གསལ་འདིའི། །མཚུངས་ཆོས་གཞན་ནི་གང་དུའང་མི་དམིགས་པས། །རང་གི་རང་ཉིད་དཔེ་རུ་མཚོན་པར་གྱིས། །ཉེར་བཞི་པ་བྱུང་མིན་གྱི་དཔེ་ནི། སྨོན་ལོག་དམ་སྲི་མི་བསྲུན་འབྱུང་པོའི་དཔུང་། །གཅིག་ཏུ་བསྡུས་ནས་ཆེད་དུ་འོངས་པ་བཞིན། །དེང་སང་རྒྱལ་བསྟན་ནང་ནས་བཤིག་པ་ཡི། །བསྟན་འཛིན་འདི་འདྲ་སྔོན་ཆད་བྱུང་མ་མྱོང་། །ཉེར་ལྔ་པ་སྲིད་མིན་གྱི་དཔེ་ནི། མཉམ་བཞག་བརྟན་པའི་སེམས་ལ་རྣམ་རྟོག་དང་། །གཉིས་སྣང་ཅན་གྱི་བློ་ལ་ཡེ་ཤེས་བཞིན། །རང་འདོད་ཅན་ལ་གཞན་ཕན་བྱང་ཆུབ་སེམས། །འབྱུང་བར་དེ་ནི་ནམ་ཡང་སྲིད་མ་ཡིན། །ཉེར་དྲུག་པ་མང་བའི་དཔེ་ནི། ཡིད་བཞིན་ནོར་དང་བུམ་བཟང་ཡོངས་འདུའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་བཞིན། །འབད་རྩོལ་རྣམ་རྟོག་བསྐྱེད་པ་མེད་བཞིན་དུ། །རྒྱལ་བའི་གསང་གསུམ་མཛད་པ་ལྷུན་གྱིས་གྲུབ། །ཉེར་བདུན་པ་རྣམ་འགྱུར་གྱི་དཔེ་ནི། ལུང་རིགས་སྨྲ་བ་ཁྱོད་ཀྱི་ལེགས་བཤད་ནི། །འཇམ་མགོན་དཔལ་གྱི་མགུལ་ནས་བླངས་པ་བཞིན། །སྙན་ཚིག་རྩོམ་ལ་མཁས་པའི་རྣམ་འགྱུར་ནི། །དབྱངས་ཅན་ཕང་འགྲོའི་སྒྲ་ལས་དྲངས་པ་བཞིན། །ཉེར་བརྒྱད་པ་ཕྲེང་བའི་དཔེ་ནི། བདེ་གཤེགས་སྟོན་པའི་བསྟན་པ་ཉིན་མོར་བྱེད། །དེ་ཡིས་ས་ཆེན་པདྨའི་ཚལ་བཞིན་དུ། །དེས་ཀྱང་གསེར་སྦྲང་དེ་ཡིས་སྦྲང་རྩི་བཞིན། །ཟབ་དོན་སྙིང་ལ་སིམ་པའི་དགའ་བདེ་རྒྱས། །ཉེར་དགུ་པ་ངག་དོན་གྱི་དཔེ་ལ་གཉིས་ལས། བཞིན་སྒྲ་གཅིག་པ་ནི། སྐལ་ལྡན་འདུས་པའི་འཁོར་གྱི་ཁྱམས་ཆེན་པོར། །མཚན་དཔེ་གཟི་འོད་འབར་བའི་རྗེ་བླ་མ། །དགའ་ལྡན་གནས་སུ་བྱང་སེམས་འཕགས་པའི་དབུས། །བྱམས་མགོན་ཆོས་ཀྱི་ཁྲི་ལ་བཞུགས་པ་བཞིན། །བཞིན་སྒྲ་དུ་མ་ནི། སྟོན་ཟླ་རྒྱས་པའི་དཔལ་བཞིན་བླ་མའི་ཞལ། །རི་དྭགས་མཚན་མ་ཇི་བཞིན་འཛུམ་པའི་སྤྱན། །ཙ་ཀོ་ར་ཡིས་བཞིན་དུ་བདག་གིས་ནི། །ཞལ་གྱི་བདུད་རྩི་ཡང་ཡང་འཐུང་བར་འདོད། །སུམ་ཅུ་པ་ཟླ་བོ་དངོས་པོའི་དཔེ་ནི། དབུ་མའི་གཞུང་ལུགས་འཆད་པ་མང་མོད་ཀྱི། །ལྟ་བའི་ཕུ་ཐག་ཆོད་པ་ཁོ་བོའི་རྗེ། །མཁའ་ལ་སྤྱོད་པའི་འདབ་ཆགས་གྲངས་མང་ཡང་། །གཤོག་རྩལ་མཁའ་ལྡིང་དབང་པོར་འགྲན་ནུས་སུ། །སོ་གཅིག་པ་མཚུངས་སྦྱོར་གྱི་དཔེ་ནི། མི་ཕམ་མགོན་པོ་དགའ་ལྡན་ཆོས་ཀྱི་ཁྲིར། །མགོན་ཁྱོད་སྨན་ལྗོངས་ཡི་ཐིག་ལེར་མཛེས། །དེ་ཡིས་བྱང་སེམས་འཕགས་པའི་ཚོགས་རྣམས་དང་། །ཁྱོད་ཀྱིས་ལྗོངས་འདིའི་གདུལ་བྱ་རྗེས་སུ་བཟུང་། །སོ་གཉིས་པ་རྒྱུའི་དཔེ་ནི། ཁྱོད་ནི་བརྩེ་བས་ཕྱག་ན་པདྨོ་དང་། །མཁྱེན་པས་རྗེ་བཙུན་བརྟན་པའི་འཁོར་ལོ་དང་། །ནུས་པས་མཐུ་སྟོབས་གསང་བའི་བདག་པོ་དང་། །རྣམ་པ་ཀུན་ཏུ་མཚུངས་སོ་རྗེ་བླ་མ། །དཔེའི་མཐའ་དཔྱད་ལ་སྐྱོན་སེལ་དང་། མཚུངས་གསལ་གཉིས་ལས། དང་པོ་ལ། རྟགས་ཐ་དད་ཀྱང་སྐྱོན་མེད་པ་ནི། མཁས་མཆོག་ཁྱོད་ནི་སྒྲ་དབྱངས་ལྷ་མོ་བཞིན། །ཕུལ་བྱུང་ལེགས་བཤད་རྩོམ་པའི་སྙན་འགྱུར་རྫོགས། །ལྷ་མོ་ཁྱོད་ནི་འཇམ་དཔལ་དཔའ་བོ་བཞིན། །བློ་ཡི་མཆོག་སྦྱིན་སྩོལ་ལ་མཚུངས་པ་མེད། །ཚིག་ཐ་དད་ཀྱང་སྐྱོན་མེད་པ་ནི། ཇི་སྙེད་ཤེས་བྱའི་ཆོས་ཀུན་གཟིགས་པ་ཁྱོད། །སྟོབས་བཅུའི་ཡོན་ཏན་མངའ་བ་རྣམས་དང་མཚུངས། །རྣམ་མང་འགྲོ་བའི་དོན་ཆེན་མཛད་པ་རྣམས། །རྒྱལ་བའི་ཕྲིན་ལས་གཅིག་པུ་ཉིད་དུ་མཚོན། །དཔེ་དོན་མཆོག་དམན་བྱུང་ཡང་སྐྱོན་མེད་པ་ནི། སྟོན་པས་ཆོ་འཕྲུལ་གསུམ་གྱིས་ཆོས་བསྟན་བཞིན། །མགོན་པོ་ཁྱོད་ཀྱིས་གདུལ་བྱ་དྭང་བ་འདྲེན། །གསལ་དག་སྙན་པའི་ངག་གི་འདོམས་པ་ནི། །ཚངས་སྤྱོད་ཡོན་ཏན་བཞི་དང་ཡང་དག་མཉམ། །སྦྱོར་ཚུལ་མ་ཤེས་ན་སྐྱོན་དུ་འགྱུར་བ་ནི། ཁྱི་བཞིན་སེངྒེ་འཇིགས་པའི་ང་རོ་ཆེ། །བྱི་ལ་བཞིན་དུ་སྟག་མོ་འཛུང་རིས་བཀྲ། །བུད་མེད་རྣམས་བཞིན་སྐྱེས་པ་གཡོ་སྒྱུ་ཆེ། །མཁས་པ་ཇི་བཞིན་བླུན་པོ་སྨྲ་བ་མང་། །གཉིས་པ་མཚུངས་གསལ་གྱི་དཔེ་ནི་དཔེ་བརྗོད་ཟུར་དུ་བསྟན་པ་ལས་ཤེས་པར་བྱའོ། །གསུམ་པ་གཟུགས་ཅན་གྱི་རྒྱན་ལ་ཉི་ཤུ་ལས། དང་པོ་བསྡུས་པའི་གཟུགས་ཅན་ནི། མཛེས་སྐུ་ཆུ་སྐྱེས་སྡོང་པོ་ལྡེམ་པའི་རྩེར། །ཞལ་བཟང་པདྨའི་འདབ་མ་རྒྱས་པ་ལ། །སྤྱན་ཟུང་བུང་བ་གཡོ་བའི་རྣམ་འགྱུར་འདི། །གཡོ་མེད་བདག་ལ་གཟིགས་ཤིག་དབྱངས་ཅན་མ། །གཉིས་པ་མ་བསྡུས་པའི་གཟུགས་ཅན་ནི། རབ་མཛེས་སྐུ་ཡི་ལྷུན་པོ་མཚན་དཔེས་བརྗིད། །ཕྱག་གི་པདྨ་ཕྲག་གོང་གཡོ་བའི་རྩེར། །རིག་པའི་རལ་གྲི་འཛིན་པའི་ལྷ་ཁྱོད་ཀྱིས། །ལེགས་གསུང་ལེགས་པར་བཤད་པའི་བློ་གྲོས་སྩོལ། །གསུམ་པ་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ནི། ཚོགས་ཆེན་ཁ་བའི་རྡུལ་ཕྲན་བརྩེགས་པའི་རིང་། །སྟོབས་བཅུའི་གཡུ་རལ་བརྗིད་པའི་ལུས་རྩལ་རྫོགས། །མི་འཇིགས་རྣམ་བཞིའི་ང་རོ་ཆེར་སྒྲོག་པ། །དཔལ་ལྡན་མི་ཡི་སེངྒེ་ཤཱཀྱའི་རྒྱལ། །བཞི་པ་མཐའ་དག་གཟུགས་ཅན་ནི། བླ་མའི་ཞབས་ཟུང་ཆུ་སྐྱེས་བཞད་པའི་དབུས། །སོར་མོའི་གེ་སར་མཛེས་པའི་ལྡིང་ཁང་ན། །བསྔགས་པའི་ཉི་མ་འཇུག་པའི་དྲི་བཟང་གིས། །འཇིག་རྟེན་གསུམ་གྱི་ཁོང་ན་ཁྱབ་པར་བྱེད། །ལྔ་པ་ཆ་ཤས་གཟུགས་ཅན་ནི། སོ་ཐར་སྡོམ་པའི་ཚུལ་ཁྲིམས་རྩ་བ་བརྟན། །གཞན་ཕན་བྱང་ཆུབ་སེམས་ཀྱི་སྡོང་པོ་རྒྱས། །གསང་སྔགས་འབྲས་བཟང་ཚར་དུ་དངར་བ་ཡི། །བཤེས་གཉེན་དཔག་བསམ་ལྗོན་པའི་གྲིབ་བསིལ་བསྟེན། །དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན་ནི། གདོང་གི་ཟླ་བ་དཀར་ནག་སྤྲིན་དང་འགྲོགས། །མིག་གི་འགྱུར་ལྡོག་གློག་གི་གྱ་གྱུ་ཅན། །ངག་གི་སྨྲ་བརྗོད་སྟོང་སྒྲ་འུད་ཆེར་ལྡིར། །གྲོགས་ངན་ཆར་སྤྲིན་ནག་པོར་བསྟེན་པས་ཕུང་། །བདུན་པ་ཡན་ལག་གི་གཟུགས་ཅན་ལ་གསུམ་ལས། ཡན་ལག་གཅིག་གཟུགས་ནི། དཔལ་ལྡན་གནམ་གྱི་ང་རོ་ཆེན་པོ་ཁྱོད། །དྭགས་བརྒྱུད་སྙིང་པོའི་སྤྲིན་ཕུང་འཁྲིགས་པའི་སྲོག །བཟུང་ནས་གདམས་ངག་སྡོང་པོ་གསུམ་དྲིལ་གྱི། །ལམ་སྲོལ་འབྱེད་པའི་ཕྲིན་ལས་མཁའ་དང་མཉམ། །ཡན་ལག་གཉིས་གཟུགས་ནི། རྒྱལ་བའི་ལུང་ཟིན་ཆོས་རྗེ་སྒམ་པོ་པས། །མདོ་སྔགས་ཆོས་ཚུལ་རྒྱ་མཚོ་བསྲུབས་པའི་སྐྱེས། །བཀའ་རྒྱ་ཉི་ཟླའི་འོད་ཀྱིས་གངས་ཅན་གྱི། །མཁས་གྲུབ་ཡོངས་ཀྱི་ཕྲིན་ལས་མོག་པོར་བྱེད། །ཡན་ལག་གསུམ་གཟུགས་ནི། བཀའ་བབ་བཞི་འདུས་མ་ཕམ་གཡུ་མཚོ་ལས། །ཆོས་ཚུལ་ཆུ་བོ་རྣམ་བཞི་ཅིག་ཅར་དུ། །ཐུགས་ཀྱི་བུམ་པར་བཟུང་བས་གངས་རིའི་ཁྲོད། །མན་ངག་རྒྱ་མཚོའི་མངའ་བདག་ལྷོ་བྲག་པ། །བརྒྱད་པ་ལྡན་པའི་གཟུགས་ཅན་ནི། ལྗོན་ཤིང་ཡལ་འདབ་རྒྱས་པའི་ལྡིང་ཁང་ནང་། །ཟུང་འཇུག་རྟོགས་པའི་གླུ་ལེན་གར་བྱེད་པའི། །དཔྱིད་ཀྱི་ཕོ་ཉ་ཀུན་དགའ་ལེགས་པའི་དཔལ། །བསྐལ་བཟང་གྲུ་ཆར་འདྲེན་པའི་ངང་ཚུལ་མཛེས། །དགུ་པ་ལྡན་མིན་གཟུགས་ཅན་ནི། ཞབས་སེན་ཟླ་བ་མཁས་པའི་གཙུག་ན་འཇོག །ལེགས་བཤན་བདུད་རྩིའི་ཟེག་མ་འབུམ་ཕྲག་གིས། །བཤད་སྒྲུབ་བསྟན་པའི་པད་ཚལ་སྐྱོང་བ་ལ། །ཀུན་གཟིགས་པུནྜ་རི་ཀའི་གོང་ན་མེད། །བཅུ་པ་མི་མཉམ་པའི་གཟུགས་ཅན་ནི། མཐུ་ཆེན་བླ་མའི་ཐུགས་བསྐྱེད་རབ་ཡངས་ཤིང་། །བརྩེ་བའི་ཐུགས་རྗེ་སྤྲིན་ཕུང་གཡོ་བ་ལས། །ནུས་པའི་གྲུ་ཆར་ལྗོངས་འདིར་འབེབས་མཛད་པས། །ཆོས་སྲིད་བསྟན་པའི་ལེགས་ཚོགས་དགུང་དུ་འཕྱུར། །བཅུ་གཅིག་པ་ཁྱད་པར་གྱི་གཟུགས་ཅན་ནི། ལུང་རིགས་མན་ངག་རྣོན་པོའི་ལྕགས་ཀྱུ་ནི། །མཁས་དབང་འཕྲོག་བྱེད་ཕྱག་གི་རྩེར་བཟུང་བས། །གླང་ཆེ་དོགས་མིན་གཉིས་འཛིན་འཁྲུལ་པའི་སྲོག །དྲུང་ནས་འབྱིན་ཏེ་སྲིད་ལས་རྒྱལ་གྱུར་ཅིག །བཅུ་གཉིས་པ་འགལ་བའི་གཟུགས་ཅན་ནི། འཆི་མེད་ལྷ་ཡི་ལམ་དུ་མི་རྒྱུ་ཞིང་། །ས་ཆེན་པདྨའི་འཛུམ་ཁའང་མི་ཕྱེ་བའི། །བླ་མའི་བྱིན་རླབས་ཉིན་མོར་བྱེད་པ་འདིས། །བདག་བློའི་མུན་པའི་གཤེད་མ་ཉིད་དུ་གྱུར། །བཅུ་གསུམ་པ་རྒྱུའི་གཟུགས་ཅན་ནི། སེམས་ཀྱི་ངོ་བོ་སྟོང་པས་ནམ་མཁའ་དང་། །རང་བཞིན་གསལ་བས་སྤྲིན་བྲལ་ཉི་མ་དང་། །ཅི་སྣང་སེམས་ཀྱི་ཆོ་འཕྲུལ་ཡིན་པ་ནི། །སྤྲིན་ཚོགས་མཁའ་ལ་འཆར་དང་ནུབ་པས་མཚོན། །བཅུ་བཞི་པ་སྦྱར་བའི་གཟུགས་ཅན་ནི། གསང་ཆེན་བསྟན་པ་ཡིད་བཞིན་ནོར་བུའི་དཔལ། །རང་རང་མོས་པའི་བློ་དང་མཚམས་པ་ཡི། །ལས་དང་མཆོག་གི་དངོས་གྲུབ་མ་ལུས་པ། །འབད་མེད་ལག་རྩེར་སྩོལ་བའི་ངོ་མཚར་མཐོ། །བཅོ་ལྔ་པ་དཔེའི་གཟུགས་ཅན་ནི། ལུང་རིགས་སྨྲ་བའི་དབང་ཕྱུག་ཁྱོད་ཀྱིས་འདིར། །འཆད་རྩོད་རྩོམ་པའི་དྲིལ་ཆེན་བསྒྲགས་པ་འདི། །གངས་རིའི་རྩེ་ལ་འགྱིང་བའི་སེངྒེ་ཡི། །ང་རོ་སྒྲོགས་པའི་ཟིལ་ལ་ཡང་དག་འགྲན། །བཅུ་དྲུག་ལྡོག་པ་ཅན་གྱི་གཟུགས་ཅན་ནི། ཉི་མའི་བགྲོད་ཀྱིས་གོ་ལའི་ལམ་བཙལ་ཞིང་། །བདག་ནི་ཡང་དག་འཇོག་པས་གནས་ལུགས་བཙལ། །འདི་ནི་འོད་ཀྱིས་གླིང་བཞི་གསལ་ནུས་ཀྱང་། །ཤེས་བྱ་ནང་གི་དེ་ཉིད་གསལ་མ་ལགས། །བཅུ་བདུན་པ་འགོག་པའི་གཟུགས་ཅན་ནི། གསང་སྔགས་ཡོངས་གཅོད་སྒྲུབ་པའི་སྨན་གྱིས་ཀྱང་། །མེད་དགག་འདོད་པ་དག་ལ་དུག་ཏུ་གྱུར། །འདི་ནི་རང་མཐོ་ཅན་དུ་ལྟ་བ་དང་། །དག་སྣང་ཅུང་ཟད་བསྐྱེད་པ་མེད་པས་ལན། །བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། འཕགས་ཡུལ་ཆུ་གཏེར་སྐྱེད་ཚལ་ཡངས་པ་ནས། །དམ་ཆོས་རིན་ཆེན་སྦྲང་རྩི་ལེན་མཁས་པའི། །ལོ་ཙཱ་དེད་དཔོན་གསེར་སྦྲང་ཆེ་རྣམས་ཀྱིས། །ཆོས་ནོར་ཟབ་དོན་སྤེལ་བའི་དགའ་སྟོན་མཛེས། །ཉི་ཤུ་པ་བསྙོན་དོར་གྱི་གཟུགས་ཅན་ནི། འདི་ནི་ཁྱོད་སྐུ་མ་ཡིན་གངས་ཀྱི་རི། །ཁྱོད་གསུང་ཅི་ཞིག་སེངྒེ་ང་རོ་ངེས། །འདི་ནི་རྔ་གཡབ་མ་ཡིན་རལ་ཚོགས་ཏེ། །བླ་མ་ཅི་ཡིན་གདོང་ལྔའི་དབང་པོ་ལགས། །བཞི་པ་གསལ་བྱེད་ཀྱི་རྒྱན་ལ་བཅུ་དྲུག་ལས། དང་པོ་རིགས་ཐོག་མའི་གསལ་བྱེད་ནི། རྣམ་དག་རིགས་འཁྲུངས་ཐོས་བསམ་མཐར་རུ་ཕྱིན། །སྒོམ་བྱུང་ཡེ་ཤེས་གསལ་བའི་སྒྲོན་མེ་སྤར། །མཁས་ཚུལ་གསུམ་གྱིས་རྒྱལ་བསྟན་གསལ་མཛད་པའི། །འཕགས་ཚོགས་འདུས་པ་རྒྱ་མཚོའི་གཙོ་ལ་བསྔགས། །གཉིས་པ་བྱ་བ་ཐོག་མའི་གསལ་བྱེད་ནི། སྣང་བར་བྱས་སོ་རྒྱལ་བའི་ཕྲིན་ལས་ཀྱིས། །འཛམ་བུའི་གླིང་དུ་ཕན་དང་བདེ་བའི་ལམ། །མཁས་མཆོག་ཁྱོད་ཀྱི་ལེགས་པར་བཤད་པའི་ཆོས། །མདོ་རྒྱུད་མན་ངག་གནད་ཀྱིས་བདག་བློ་ལའོ། །གསུམ་པ་ཡོན་ཏན་ཐོག་མའི་གསལ་བྱེད་ནི། རབ་ཏུ་མཛེས་སོ་སྨོན་ལྗོངས་རྒྱལ་ཁབ་འདིར། །སྐྱེས་དགུས་ལེགས་བྱས་བརྩོན་པའི་འབྲས་བུ་དང་། །བསྟན་འཛིན་སྐྱེས་རྣམས་བཤད་དང་སྒྲུབ་པ་ཡི། །འཁོར་ལོ་གཉིས་ཀྱིས་འབྲུག་པའི་བསྟན་པ་ཡང་། །བཞི་པ་རྫས་ཐོག་མའི་གསལ་བྱེད་ནི། ལུང་རིགས་མན་ངག་རྣོན་པོའི་འཁྲུལ་འཁོར་གྱིས། །དྲེགས་ལྡན་གླང་ཆེན་སྨྱོན་པ་རིང་དུ་བཏང་། །དོན་གཉེར་སྐྱེ་བོའི་ཚོགས་རྣམས་གང་འདོད་ཀྱི། །རིགས་པ་བླངས་ཏེ་ཡིད་ཀྱི་ཤིང་རྟ་འགེངས། །ལྔ་པ་རིགས་བར་གྱི་གསལ་བྱེད་ནི། ཆོས་ཚུལ་སྤྲིན་དབྱངས་དལ་གྱིས་ལེན་པའི་ཚེ། །རྩེ་གཅིག་ཉན་པའི་བསྟན་འཛིན་རྨ་བྱའི་ཚོགས། །ཤེས་རབ་གསུམ་གྱི་ལུས་རྩལ་རྒྱས་པའི་མོད། །འཆད་རྩོད་རྩོམ་པའི་ཟློས་གར་ཅི་ཡང་བསྒྱུར། །དྲུག་པ་བྱ་བ་བར་གྱི་གསལ་བྱེད་ནི། མགོན་ཁྱོད་བློ་གསར་སྐྱེ་བོ་ཚོགས་པའི་དབུས། །ངེས་འབྱུང་གཏམ་གྱིས་དྲང་བའི་ཆོས་བཤད་དོ། །ལས་ཅན་བློ་དང་ལྡན་པའི་གང་ཟག་ལ། །སྤྱི་བཤད་ཙམ་མིན་ངེས་པ་དོན་གྱི་ཆོས། །བདུན་པ་ཡོན་ཏན་བར་གྱི་གསལ་བྱེད་ནི། མཛེས་པའི་སྐར་ཚོགས་གྲངས་ལས་འདས་པའི་དབུས། །བདུད་རྩིའི་འབྱུང་གནས་ཟླ་བའི་དཀྱིལ་འཁོར་ནི། །རབ་ཏུ་མཛེས་སོ་བྱ་རྒོད་ཕུང་པོའི་རིར། །བྱང་ཆུབ་སེམས་དཔས་བསྐོར་བའི་མགོན་ཁྱོད་ཀྱང་། །བརྒྱད་པ་རྫས་བར་གྱི་གསལ་བྱེད་ནི། འཆད་པའི་ཁྲི་ལ་རྩོད་པའི་རྒྱལ་རྔ་བརྡུང་། །སྙན་ཚིག་རྩོམ་པའི་མཚར་སྡུག་རྫོགས་པ་འདིས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི། །གཙུག་གི་རྒྱན་དུ་འོས་པ་ཁྱོད་ལས་གཞན། །དགུ་པ་རིགས་མཐའི་གསལ་བྱེད་ནི། སོ་ཐར་སྡོམ་པས་ཉེས་སྤྱོད་དགག་པ་དང་། །བྱང་སེམས་སྡོམ་པས་གཞན་ཕན་སྒྲུབ་པ་དང་། །གསང་སྔགས་སྡོམ་པས་དམ་ཚིག་འདི་དག་ལ། །འགལ་མེད་བསྟེན་པ་དམ་པའི་སྐྱེས་བུ་ཡིན། །བཅུ་པ་བྱ་བ་མཐའི་གསལ་བྱེད་ནི། ལུས་ངག་ཞི་བར་འདོད་ན་ཚུལ་ཁྲིམས་དང་། །ལས་ཉོན་ཞི་བར་འདོད་ལ་ཏིང་ངེ་འཛིན། །རང་བཞིན་ཡོངས་སུ་ཤེས་ལ་ཤེས་རབ་སྟེ། །བསླབ་གསུམ་རེས་འཇོག་མེད་པར་བསྟེན་པར་བྱ། །བཅུ་གཅིག་པ་ཡོན་ཏན་མཐའི་གསལ་བྱེད་ནི། ཤར་རི་རྩེ་ནས་ངོམས་པའི་ཟླ་བ་དང་། །འཛམ་གླིང་བྱང་དུ་གནས་པའི་ཏེ་སིའི་རི། །གཞན་ཕན་བྱང་སེམས་རྒྱུད་ལ་བསྐྱེད་པ་ཡིས། །ལེགས་བྱས་དགུང་དུ་བརྩེགས་པའི་ལྷག་བསམ་དཀར། །བཅུ་གཉིས་པ་རྫས་མཐའི་གསལ་བྱེད་ནི། །ལྷ་མིན་འཇོམས་བྱེད་ཁྱབ་འཇུག་མདུང་ཐུང་དང་། །རི་འཇོམས་བརྒྱ་བྱིན་ལག་པའི་རྡོ་རྗེ་ཡིས། །མ་རིག་རྣམ་རྟོག་འཇོམས་པར་མི་ནུས་པས། །བླ་མའི་ཡེ་ཤེས་རྡོ་རྗེར་འགྲན་ནུས་ཅི། །བཅུ་གསུམ་པ་ཕྲེང་བའི་གསལ་བྱེད་ནི། བུ་རམ་ཤིང་པས་ལུང་རྟོགས་པའི་ཆོས། །དེ་ཡིས་རིགས་ཅན་གསུམ་གྱི་གདུལ་བྱ་སྤེལ། །དེས་ཀྱང་འཕགས་ཡུལ་པཎ་གྲུབ་རྒྱ་མཚོ་དང་། །དེ་ཡིས་གངས་ཅན་མཁས་དང་གྲུབ་པའི་ཁྱུ། །བཅུ་བཞི་པ་འགལ་དོན་གྱི་གསལ་བྱེད་ནི། བླ་མའི་བྱིན་རླབས་སྙིང་ལ་ཞུགས་པའི་མཐུས། །འཁྲུལ་སྣང་བདེན་པར་བཟུང་བའི་ཞེན་ཡུལ་ནུབ། །ཅིར་སྣང་རིག་པའི་ཆོ་འཕྲུལ་དུ་ཤེས་པས། །གཉིས་མེད་རོ་མཉམ་རྟོགས་པའི་ཉམས་མྱོང་ཤར། །བཅོ་ལྔ་པ་དོན་གཅིག་གི་གསལ་བྱེད་ནི། སྟོན་པས་གསང་ཆེན་ཐེག་པ་འདི་བསྟན་པས། །ཆོས་ཀྱི་རྗེས་འབྲངས་རྣམས་ཀྱིས་བཤད་བརྒྱུད་འཛིན། །དད་པའི་རྗེས་འབྲངས་དག་གིས་སྒྲུབ་བརྒྱུད་བཟུང་། །འབྲས་བསྟན་ཡུན་དུ་གནས་པའི་དོན་དུ་གཅིག །བཅུ་དྲུག་པ་སྦྱར་བའི་གསལ་བྱེད་ནི། ཆུ་གཏེར་ལས་འཐོན་བདུད་རྩི་ཕུང་པོ་ཅན། །རབ་མཛེས་འོད་ཀྱི་དཀྱིལ་འཁོར་ཆ་རྫོགས་པའི། །བདེ་འབྱུང་རྒྱན་འདི་ལྷ་ཡི་ལམ་དུ་གནས། །ཚངས་པའི་སྲས་མོ་ཡིན་མཁར་འགོག་པ་མེད། །ལྔ་པ་བསྐོར་བའི་རྒྱན་ལ་གསུམ་ལས། དང་པོ་དོན་བསྐོར་ནི། ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས། །ངེས་འབྱུང་སེམས་ཀྱིས་བསྟན་ལ་རབ་ཏུ་བྱུང་། །གཅིག་ཏུ་གུས་པའི་ཚུལ་གྱིས་བཤེས་གཉེན་བསྟེན། །དགའ་དང་སྤྲོ་བའི་སེམས་ཀྱིས་ཐོས་པ་ལེན། །གཉིས་པ་ཚིག་བསྐོར་ནི། ཆོས་སྦྱིན་ཉོན་མོངས་མེད་པའི་དགའ་སྟོན་འདིས། །དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགའ་བར་བྱེད། །ལྷག་བསམ་རྣམ་པར་དཀར་བའི་བསླབ་སྟོན་འདིས། །སྐལ་བཟང་སློབ་མའི་ཚོགས་ཀྱང་དགའ་བར་བྱེད། །གསུམ་པ་གཉིས་ཀ་བསྐོར་བ་ནི། ལུང་རིགས་ཆ་ཤས་རྫོགས་པའི་ལེགས་བཤད་ཀྱིས། །གུས་ལྡན་སློབ་མའི་ལག་པད་ཟུམ་པར་བྱེད། །དེ་ལ་བརྒལ་ཞིང་བརྟགས་པའི་ཕས་རྒོལ་ཀྱང་། །ངག་དང་བློ་ཡི་སྤོབས་པ་ཟུམ་པར་བྱེད། །དྲུག་པ་འགོག་པའི་རྒྱན་ལ་ཉི་ཤུ་རྩ་གསུམ་ལས། དང་པོ་བྱུང་བ་འགོག་པ་ནི། གསེར་གྱི་བཅུད་ལེན་དངུལ་ཆུ་སྲང་གཅིག་གིས། །ལྕགས་སྲང་སྟོང་ཕྲག་གསེར་དུ་བསྒྱུར་བར་བཤད། །སྔོན་བྱུང་གཏམ་འདི་འུད་ཆེ་སྙམ་མནོ་ཡང་། །སྔགས་དང་རྫས་ཀྱི་ནུས་པ་བསམ་མི་ཁྱབ། །གཉིས་པ་ད་ལྟ་འགོག་པ་ནི། སྟོན་མཆོག་དམ་པ་ཁྱོད་ཀྱི་དགོངས་པ་གང་། །དྲང་དོན་བསླུ་ཆོས་གཙོ་བར་གསུངས་འདི་ཅི། །ཚེ་འདིར་རང་སེམས་ཆོས་སྐུར་རྟོགས་པའི་ཐབས། །གསང་ཆེན་ཐེག་པ་དོན་མེད་དགོངས་སམ་ཅི། །གསུམ་པ་འབྱུང་འགྱུར་འགོག་པ་ནི། མན་ངག་གཙོ་བོ་སྟོན་ཅིག་རྗེ་བླ་མ། །ཚེ་ལུས་གཅིག་ལ་མངོན་འཚང་རྒྱ་བའི་ཆོས། །ཕར་ཕྱིན་ཐེག་པའི་གཏམ་གྱིས་འགོག་བྱེད་ན། །ཕྱི་ནས་གསང་སྔགས་ཆོས་དང་མཇལ་བར་དཀའ། །བཞི་པ་ཆོས་འགོག་པ་ནི། གལ་ཏེ་མཁས་པའི་ཤེས་རབ་ཉག་གཅིག་གིས། །རྒྱལ་བའི་དགོངས་པ་རྟོགས་པ་གྲགས་འདི་བརྫུན། །གལ་ཏེ་བདེན་ན་ལྷས་བྱིན་ལེགས་སྐར་སོགས། །མཁས་པ་ཕལ་ཆེར་ཆོས་ལས་ལོག་འདི་ཅི། །ལྔ་པ་ཆོས་ཅན་འགོག་པ་ནི། དཔལ་ལྡན་བླ་མ་བཞུགས་སམ་མ་བཞུགས་ཞེས། །མི་དཔྱོད་བཞུགས་ཀྱང་སྐུ་བརྙན་ཙམ་ཡིན་གྱི། །ཐུགས་ཀྱི་ཡེ་ཤེས་སེམས་སུ་ངོ་སྤྲོད་པས། །རང་སེམས་བླ་མར་ངེས་སོ་སེམས་ལ་བསྟེན། །དྲུག་པ་རྒྱུ་འགོག་པ་ནི། འདི་ན་རང་མཉམ་ཕལ་ཆེར་འཆིའོ་སྙམ། །རང་ཡང་འཇིགས་པའི་བློ་སྣང་བསྐྱེད་མོད་ཀྱང་། །འཁོར་འདས་སེམས་སུ་ལྟ་བའི་ངེས་ཤེས་ཀྱིས། །འཁྲུལ་པའི་དོགས་པ་མེད་པས་བདག་མི་འཇིགས། །བདུན་པ་འབྲས་བུ་འགོག་པ་ནི། ཆུང་ངུའི་དུས་ནས་བློ་ཕུག་ཆོས་ལ་གཏད། །གུས་རྟག་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས། །མང་ཐོས་གདམས་པར་ཤར་བའི་བློ་རྙེད་ཀྱང་། །ད་དུང་སོ་སྐྱེས་ས་ལ་གནས་འདི་ཅི། །བརྒྱད་པ་རྗེས་གནང་འགོག་པ་ནི། ཚེ་སྔོན་ལས་ཀྱིས་འབྲེལ་བའི་སློབ་བུ་རྣམས། །ཡེངས་མེད་ཆོས་ལ་བརྩོན་པར་མི་བྱེད་པར། །ཁྲེལ་མེད་རང་དགར་དགྱེས་ན་ཅི་བདེར་གྱིས། །བདག་ནི་ཡུན་རིང་མི་གནས་བློ་མ་བསུན། །དགུ་པ་དབང་གིས་འགོག་པ་ནི། འདི་ནང་མཁས་པའི་སྙན་པ་གྲགས་ཆེ་ཞིང་། །འཁོར་མང་འདུ་བས་མཐུན་རྐྱེན་འཛད་པ་མེད། །སྡེ་འཁྲུགས་བླ་སློབ་འཁོན་པ་མ་གྱུར་ཀྱང་། །བདག་ནི་དབེན་པར་འགྲོ་ཡིས་ཅི་དགར་གྱིས། །བཅུ་པ་མ་གུས་པས་འགོག་པ་ནི། གསང་སྔགས་ཆོས་ནི་ཉམས་སུ་བླངས་པས་གྲོལ། །ཆོ་གའི་ལག་ལེན་ཙམ་གྱིས་དེ་ལྟར་མིན། །ཁྱེད་ཅག་དེ་ལྟར་མཛད་དམ་མི་མཛད་ཀྱང་། །ཆོས་ཀྱི་གནས་ཚུལ་དྲང་པོར་སྨོས་པ་ལགས། །བཅུ་གཅིག་པ་ཤིས་བརྗོད་འགོག་པ་ནི། ཁྱེད་ཅག་ཟ་ཆོག་ཙམ་ལ་དོན་གཉེར་ན། །ཅི་འདོད་བསམ་པ་ཡིན་བཞིན་གྲུབ་གྱུར་ཅིག །དཀོར་ཟས་ལས་ཀྱི་རྣམ་སྨིན་མྱོང་བའི་དུས། །བདག་གིས་སྐྱོབས་པའི་ནུས་པ་ཐོབ་པར་སྨོན། །བཅུ་གཉིས་པ་རྩུམ་མོས་འགོག་པ་ནི། ཕན་པའི་སེམས་ཀྱིས་རྟག་ཏུ་བློ་བཅོས་ཀྱང་། །ཁྱེད་རྣམས་རང་རྒྱུད་ངན་པ་མི་ཐུལ་ན། །བླང་དོར་བསྟན་པའི་སློབ་དཔོན་གཞན་པ་བཙལ། །བདག་ནི་མི་སྨྲའི་བརཏལ་ཞུགས་བཟུང་བར་འདོད། །བཅུ་གསུམ་པ་གྲོས་ཀྱིས་འགོག་པ་ནི། གྲོགས་ཁྱོད་ཚུ་རོལ་མཛེས་པའི་རྗེས་འབྲངས་ན། །སྲིད་པའི་ཕུན་ཚོགས་མི་དགར་སྒྲུབས་ཤིག་ཀྱེ། །ནམ་ཞིག་སྡུག་བསྔལ་མཚོ་ཆེན་བརྡོལ་བའི་ཚེ། །འགྱོད་པ་གཏིང་ནས་སློང་བའི་དུས་གཅིག་འོང་། །བཅུ་བཞི་པ་འབད་པས་འགོག་པ་ནི། གྲོགས་དག་ཚེ་འདིའི་ཞེན་པ་མི་གཏོང་ན། །སྲིད་པའི་ཕུན་ཚོགས་བསྒྲུབ་ཅེས་བརྗོད་འདོད་ཀྱང་། །བདག་ནི་ལྷ་ཆོས་ཁོ་ནར་སེམས་པའི་མཐུས། །མི་ཆོས་སྤང་ཞེས་དབང་མེད་ཁ་ནས་འཆོར། །བཅོ་ལྔ་པ་གཞན་དབང་འགོག་པ་ནི། སྲིད་པའི་ཕུན་ཚོགས་སྙིང་པོ་མེད་གཟིགས་ནས། །རྩེ་གཅིག་མཉམ་པར་འཇོག་པའི་རྣལ་འབྱོར་ལ། །ཚེ་འདིའི་ཕུན་ཚོགས་བསྒྲུབ་ཅེས་བསྐུལ་ཅིག་དང་། །བདག་ནི་དེ་ཡི་འདོད་པའི་རྗེས་སུ་འགྲོ། །བཅུ་དྲུག་པ་ཐབས་ཀྱི་འགོག་པ་ནི། འདི་ནང་ཁྱེད་ཚོའི་བསམ་པ་དང་མཐུན་པར། །བདག་ཀྱང་འདོད་པའི་ཡུལ་ལ་འཇུག་པར་སྤྲོ། །མཐའ་མར་འདོད་པའི་ཡུལ་གྱིས་མི་འཆིང་བའི། །སྨན་གྱི་མཆོག་ཅིག་མཆིས་ན་བདག་ལ་སྩོལ། །བཅུ་བདུན་པ་ཁྲོ་བོས་འགོག་པ་ནི། དེང་སང་སློབ་སྦྱོང་བྱེད་པ་ཕལ་ཆེ་བ། །ཚེ་འདིའི་ཆེ་ཐབས་བསྒྲུབ་པའི་ཆེད་དུ་སྟེ། །འཁོར་བར་ངེས་འབྱུང་མེད་པའི་དོན་གཉེར་གྱིས། །ཡོན་ཏན་ཤེས་ཀྱང་སེམས་ལ་ཕན་པ་ཅི། །བཅོ་བརྒྱད་པ་སྙིང་རྗེས་འགོག་པ་ནི། བརྩོན་པས་ཚིག་ཚོགས་བློ་ལ་མ་ཆུབ་ཅིང་། །རང་གིས་དཔྱད་པས་གོ་བའང་མ་རྙེད་ལ། །གཞན་ལ་དྲི་བའང་སྐྱེངས་ཏེ་ལུས་པ་ཡི། །བླུན་པོ་འདི་དག་མི་ཚེ་དོན་མེད་ཟད། །བཅུ་དགུ་པ་འགྱོད་པས་འགོག་པ་ནི། སྡོམ་པའི་ཚུལ་ཁྲིམས་ལེགས་པར་མ་བསྲུང་ཞིང་། །ཞི་བའི་ཏིང་ངེ་འཛིན་ཀྱང་མ་སྒོམ་ལ། །དཔྱད་པའི་ཤེས་རབ་དག་ཀྱང་མ་ཐོབ་བཞིན། །མི་ཚེ་ཟད་ལ་ཐུག་ན་ཅི་མི་འགྱོད། །ཉི་ཤུ་པ་ཐེ་ཚོམ་གྱི་འགོག་པ་ནི། འདི་ནི་མཁའ་ལ་མཛེས་པའི་ཟླ་བའམ། །ས་ལ་མཁས་པའི་ངང་པའི་རྒྱལ་པོ་ཅི། །སྒྲ་ནི་ཆོས་ཀྱི་མགྲིན་རྔ་བརྡུང་ཐོས་པས། །མི་སྨྲ་དལ་གྱིས་རྒྱུ་བའི་ཟླ་བ་མིན། །ཉེར་གཅིག་པ་སྦྱར་བའི་འགོག་པ་ནི། རང་དོན་རྟོགས་པའི་འོད་སྣང་འབར་བ་དང་། །གཞན་དོན་ཐུགས་རྗེས་རེ་བ་སྐོང་ནུས་པའི། །སེམས་ཀྱི་ནོར་བུ་རང་ལ་ཡོད་བཞིན་དུ། །འཇོག་པའི་གཙུག་ནོར་རྙེད་ཀྱང་དགོས་པ་མེད། །ཉེར་གཉིས་པ་དོན་གཞན་འགོག་པ་ནི། མགོན་ཁྱོད་རང་དོན་རྟོགས་པ་མཐར་སོན་ཀྱང་། །ད་དུང་བསོད་ནམས་ཚོགས་ལ་བརྩོན་འདིས་ཅི། །འོན་ཀྱང་གྲངས་མེད་གཞན་དོན་མཛད་པ་ལ། །གཟུགས་སྐུའི་རྒྱུ་ཚོགས་རླབས་ཆེན་སྤྱོད་པ་དགོས། །ཉེར་གསུམ་པ་རྒྱུས་འགོག་པ་ནི། མགོན་ཁྱོད་སྤངས་རྟོགས་སྲིད་ན་མངོན་མཐོ་ཡང་། །ངོ་མཚར་ཆེ་ཞེས་བསྔགས་པའི་ཡུལ་མི་བཟུང་། །བསྐལ་མང་གོང་ནས་སྦྱངས་བརྩོན་མཐར་ཕྱིན་ན། །གྲུབ་འབྲས་དེ་ལྟར་འབྱུང་བ་ངེས་ཕྱིར་རོ། །བདུན་པ་དོན་གཞན་བཀོད་པའི་རྒྱན་ལ་བརྒྱད་ལས། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། སྔོན་བྱོན་མཁས་དང་གྲུབ་པ་ཇི་སྙེད་པ། །མི་མངོན་དབྱིངས་སུ་གཤེགས་པའི་ཚུལ་ལ་གཟིགས། །དངོས་པོའི་གནས་ཚུལ་སྲིད་ཞི་རོ་མཉམ་ལས། །གཞན་དུ་གྱུར་པའི་ཆོས་འགལ་ཡོད་མ་ཡིན། །གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། བྱམས་པའི་གོ་ཆ་བཞེས་པའི་ཆོས་རྒྱལ་རྣམས། །བུ་དང་ཆུང་མའང་དགྲ་ལ་སྦྱིན་པར་བྱེད། །བརྩེ་བའི་ཁུར་ཆེན་བཞེས་པའི་བྱང་སེམས་རྣམས། །གཞན་དོན་འགྱུར་ན་རང་གི་སྲོག་ཀྱང་གཏོང་། །གསུམ་པ་སྦྱར་བའི་དོན་གཞན་བཀོད་པ་ནི། འདུ་འཛིས་ཐུགས་མཚོ་བསྲུབས་པའི་དམ་པ་ཁྱོད། །གཅིག་པུར་དབེན་པར་གཤེགས་པའི་ངང་ཚུལ་མཛེས། །སྟོན་ཟླ་གཅིག་པུར་ཤར་རིའི་ཕྲག་པ་ནས། །དགུང་སྔོན་དཀྱིལ་དུ་ཆས་པའང་ཡིན་གར་འོང་། །བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི། མཁས་པ་གཟུགས་དང་ལང་ཚོ་ཆེས་དམན་ཀྱང་། །ལེགས་བཤད་གཏམ་གྱིས་གཞན་ཡིད་འཕྲོག་པར་བྱེད། །ཧ་རི་ཙནྡན་སྦྲུལ་དང་འགྲོགས་ན་ཡང་། །ལྷན་སྐྱེས་དྲི་ཡིས་མི་རྣམས་དགའ་བར་བྱེད། །ལྔ་པ་མི་འོས་པའི་དོན་གཞན་བཀོད་པ་ནི། མཁས་པས་ལེགས་པར་བཤད་པའི་དམ་ཆོས་ལས། །བླུན་པོའི་སྐྱ་གཏམ་དགའ་སྣང་བྱེད་པ་དག །དམ་པའི་ཆོས་ཀྱི་སྐལ་བས་ཕོངས་པ་ཡི། །མུན་གླིང་སྐྱེས་པ་རྣམས་ནི་སྡིག་འདི་འདྲ། །དྲུག་པ་འོས་པའི་དོན་གཞན་བཀོད་ནི། བདེན་གཉིས་མཉམ་པར་གཞལ་བའི་རིགས་པ་འདིས། །ཀུན་རྫོབ་ཚད་མར་འདོད་པའི་གྲུབ་མཐའ་འཇིགས། །དམ་བཅའ་བདུན་ལྡན་བརྒྱ་བྱིན་ལག་ཉལ་གྱིས། །རི་བོ་བརྒྱ་ཕྲག་བསྙིལ་དང་མཚུངས་མིན་ནམ། །བདུན་པ་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ནི། མ་རབས་ངན་པའི་ཚིག་གིས་སེམས་འཁྲུགས་མོད། །ཡ་རབས་བཟང་པོའི་གཏམ་གྱིས་ག་ལ་འཁྲུགས། །བསམ་ངན་སྦྱོར་བ་རྩུབ་པའི་བྱེད་ལས་འདི། །ཞི་དུལ་སྤྱོད་པས་མི་འོས་པ་མིན་ནམ། །བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། མང་ཐོས་མཁས་པས་ཡུལ་ལ་སྲེད་བྱེད་ན། །ཐོས་མེད་བླུན་པོས་མ་སྲེད་རང་དབང་ཅི། །ཁ་བའི་རི་ལ་དགུན་ཡང་ལུས་ཚིག་ན། །སོས་ཀའི་མྱ་ངམ་ཐང་དུ་སྨོས་ཅི་དགོས། །བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་ལ་བཅུ་ལས། དང་པོ་གཅིག་གི་ལྡོག་པ་ཅན་ནི། གཡོ་མེད་མངོན་མཐོ་གཟི་འོད་འབར་བ་ཡིས། །ཐུབ་པའི་དབང་པོ་གསེར་རི་མཚམས་སྤྲིན་པས། །འཁྱུད་པར་མཚུངས་ཀྱང་ཐ་དད་འབྱེད་པའི་ཆོས། །ཁྱོད་ལ་ཟག་མེད་ཡོན་ཏན་རྫོགས་པས་སོ། །གཉིས་པ་གཉིས་ཀྱི་ལྡོག་པ་ཅན་ནི། དཔག་བསམ་ཤིང་དང་ཐུབ་པའི་དབང་པོ་ཁྱོད། །རྣམ་རྟོག་མེད་ཀྱང་འདོད་དགུ་སྦྱིན་པ་སྟེ། །འདི་ནི་སྲིད་པའི་ཕུན་ཚོགས་སྟེར་བ་ཙམ། །ཁྱོད་ནི་གཏན་གྱི་བདེ་བ་སྩོལ་བས་ལྷག །གསུམ་པ་སྦྱར་བའི་ལྡོག་པ་ཅན་ནི། འཇིག་རྟེན་དབང་ཕྱུག་ཁྱོད་དང་ལྷ་ཡི་དབང་། །བརྩེ་བའི་ཡུལ་ལ་གཟིགས་པའི་འདྲེན་བྱེད་སྟོང་། །གཡོ་བར་མཚུངས་ཀྱང་བྱེད་ལས་ཐ་དད་དེ། །དེ་ནི་ལྷ་མིན་ཁྱོད་ནི་སྲིད་ལས་རྒྱལ། །བཞི་པ་འགོག་པའི་ལྡོག་པ་ཅན་ནི། རིས་སུ་མི་ཕྱེ་ལན་ལ་ལྟོས་པ་མེད། །ཅི་འདོད་མོད་ལ་སྩོལ་བའི་དཔལ་མངའ་ཡང་། །བུམ་བཟང་ཡེ་ཤེས་མཐོང་བའི་བློ་མེད་པས། །བྱང་ཆུབ་སེམས་དཔའི་འགྲན་ཟླར་གྱུར་མ་ཡིན། །ལྔ་པ་གཏན་ཚིགས་ཀྱི་ལྡོག་པ་ནི། འདོད་དགུའི་ཆར་འབེབས་བསམ་པའི་རེ་བ་སྐོང་། །དགའ་བདེའི་དཔལ་ལ་སྤྱོད་པའི་མཐུ་མངའ་ཡང་། །དོན་དམ་གཟིགས་པའི་བློ་དང་མི་ལྡན་ཕྱིར། །འདྲེན་ཚོགས་ཁྱོད་ལས་ཡིད་བཞིན་ནོར་བུ་དམན། །དྲུག་པ་རྟེན་གྱི་ལྡོག་པ་ཅན་ནི། མཁས་པའི་དབང་པོ་ཁྱོད་དང་ས་འཛིན་དབང་། །རྐྱེན་གྱིས་མི་གཡོ་མངོན་རྟོགས་བང་རིམ་མཐོ། །རི་རྒྱལ་ལྷུན་པོ་གསེར་རིའི་དབུས་ན་བརྗིད། །འདྲེན་མཆོག་དམ་པ་མཁས་པའི་ཚོགས་ན་མཛེས། །བདུན་པ་དཔེ་ཅན་ལྷག་པའི་ལྡོག་པ་ཅན་ནི། རི་བོང་ཅན་ལ་འཛུམ་པའི་མཆུ་སྒྲོས་དང་། །མཛེས་པའི་སྤྱན་རས་གཡོ་བས་མཚན་པ་མེད། །རྒྱལ་བའི་ཡོངས་འཛིན་འཇམ་མགོན་བླ་མ་ལ། །མཛེས་པའི་ཁྱད་ཆོས་དེ་དག་མངའ་བས་ལྷག །བརྒྱད་པ་མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན་ནི། མགོན་ཁྱོད་གསུང་དང་ལྷ་ཡི་རྔ་སྒྲ་ཆེ། །དུས་ལས་ཡོལ་བ་མེད་པ་ཆོས་སྟོན་མོད། །ཁྱོད་ཀྱིས་གདུལ་བྱ་མཆོག་གི་ས་ལ་འགོད། །རྔ་སྒྲས་ལྷ་རྣམས་བག་མེད་གནས་ལས་སློང་། །དགུ་པ་མཚུངས་ཆོས་ཤུགས་དང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན་ནི། སྔོ་ལྗང་མྱུ་གུ་གསར་པ་ས་གཞིའི་རྒྱན། །གཞན་ཕན་ལྷག་བསམ་བཟང་པོ་སེམས་ཀྱི་རྒྱན། །བཟང་པོའི་ཞིང་ལས་ལོ་ཏོག་རྣམ་པར་འཕེལ། །བྱང་ཆུབ་སེམས་ལས་ཟག་མེད་ཡོན་ཏན་རྒྱས། །བཅུ་པ་རིགས་མཐུན་འབྱེད་པའི་ལྡོག་པ་ཅན་ནི། ལྷ་ཆུ་གངྒཱའི་རྒྱུན་གྱིས་མི་འདག་ཅིང་། །འདག་ཆའི་རྫས་ཀྱིས་བཀྲུ་བར་མི་ནུས་པའི། །བདག་འཛིན་བློ་ཡི་དྲི་མ་སྟུག་པོ་འདིས། །ནང་གི་ཡེ་ཤེས་སྣང་བ་འགོག་པར་བྱེད། །དགུ་པ་སྲིད་པ་ཅན་གྱི་རྒྱན་ལ་གསུམ་ལས། དང་པོ་ཕྱིའི་རྒྱུ་ཅུང་ཟད་སྟོན་པའི་སྲིད་པ་ཅན་ནི། མ་ཕྱིས་ངང་གིས་དྭངས་པ་སྟོན་ཀའི་མཁར། །མ་བོས་མགྲོན་དུ་ཆས་པའི་ཟླ་བ་ཡིས། །མ་བསྐྲད་སྤྲིན་གྱི་ཕུང་པོ་རང་སར་བྲོས། །མ་སྤངས་ཚ་གདུང་ཞི་བའི་དུས་འདི་སྤྲོ། །གཉིས་པ་ནང་གི་རྒྱུ་ཅུང་ཟད་སྟོན་པའི་སྲིད་པ་ཅན་ནི། མ་བཀྲུས་མགོ་སྐྱེས་ནག་པོ་ངང་གིས་དཀར། །མ་བོས་གདོང་ལ་གཉེར་མའི་མགྲོན་པོ་འཛོམས། །མ་བཏབ་རྡུལ་གྱི་རབ་རིབ་མིག་ལ་འཁོར། །རྒ་བའི་ལང་ཚེ་གསར་པ་བདག་གིས་ཐོབ། །གསུམ་པ་འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན་ནི། མ་བསྒྲུབ་འཁོར་བའི་སྣང་ཚུལ་གསལ་བར་མཐོང་། །མ་བྲིས་སྲིད་པའི་འཁོར་ལོ་རྣམ་པར་བཀྲ། །མ་བཏབ་བདག་འཛིན་མདུད་པ་དམ་པོ་འདིས། །འཁོར་བའི་གནས་ལས་ཐར་དུས་མེད་འདི་སྐྱོ། །བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ་བཞི་ལས། དང་པོ་སྤྱིའི་བསྡུས་བརྗོད་ནི། རྩ་བ་བརྟན་ཅིང་ཡལ་ག་ལོ་འདབ་རྒྱས། །འབྲས་བཟང་གྲིབ་བསིལ་ཡངས་པའི་ལྗོན་པ་ཆེ། །རིང་དུ་བོར་ནས་ཤིང་སྐམ་རེངས་པའི་དྲུང་། །བསིལ་སྐྱོབས་རེ་བ་ཅན་རྣམས་ཤིན་ཏུ་འཁྲུལ། །གཉིས་པ་ཁྱད་གཞི་ཐ་དད་ལ་ཁྱད་ཆོས་གཅིག་པའི་བསྡུས་བརྗོད་ནི། གླིང་བཞི་མཁའ་ལ་ཆགས་ཐོགས་མེད་པའི་རྒྱུ། །ཕན་དང་བདེ་བའི་དྲི་བསུང་རྒྱས་པའི་གཉེན། །སྤྱི་མཐུན་བསོད་ནམས་དཔལ་དུ་འཆར་བ་ཡི། །སྨྲ་འི་ཉི་མ་མཇལ་འདི་སྐལ་བ་བཟང་། །གསུམ་པ་ཁྱད་ཆོས་ཐ་དད་ཐ་དད་མིན་པའི་བསྡུས་བརྗོད་ནི། ས་འཁྲེགས་རྡོ་ལ་བརྐོས་པའི་གླང་ཆེན་གཟུགས། །གཡོ་དང་འགུལ་བར་མི་ནུས་བེམས་པོའི་ཆོས། །བསྐུལ་བས་ཕ་རོལ་དམག་ཚོགས་བཟློག་ནུས་པའི། །སྟོབས་ལྡན་ཁྱོད་ཀྱི་གསུང་ཐོས་སྐལ་བ་བཟང་། །བཞི་པ་སྔོན་མེད་བསྡུས་བརྗོད་ནི། ཉི་མའི་འོད་ཀྱིས་འཕེལ་འགྲིབ་མི་བྱེད་ཅིང་། །རི་བོང་གཟུགས་ཀྱིས་རྙོག་པ་མ་གྱུར་པའི། །ཟག་མེད་ཡོན་ཏན་ཆ་ཤས་རྫོགས་པ་ཡི། །སྔོན་མེད་སྨྲ་བའི་ཟླ་བ་གཙུག་ན་རྒྱལ། །བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་བཞི་ལས། དང་པོ་ཁྱད་འཕགས་བརྗོད་པའི་ཕུལ་བྱུང་ནི། རབ་དམར་བརྗིད་ཆགས་བླ་མ་དྲག་པོ་ཁྱོད། །སྨ་ར་སྨིན་མ་འབར་བའི་མེ་དཔུང་དང་། །སྐུ་ལས་མཆེད་པའི་མེ་ལྕེ་འདྲེས་པའི་ཚེ། །དུས་མཐའི་མེ་ཡི་འོད་ལ་མཚོན་མ་ཡིན། །གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི། ཁྱོད་ཀྱི་མཁྱེན་པའི་ཀློང་དུ་མ་ཆུད་པའི། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆ་ཤས་ཙམ། །ཡུལ་དུས་གང་དུ་ལུས་པ་ཡོད་དམ་སྙམ། །ལན་བརྒྱར་དཔྱད་ཀྱང་བདག་ཡིད་འཕྱང་མོ་ཉུག །གསུམ་པ་ངེས་པའི་ཕུལ་བྱུང་ནི། ཁྱོད་གསུང་གཅིག་གིས་བློ་ལྡན་ཆེས་མང་པོའི། །ཐེ་ཚོམ་ཅིག་ཅར་ཆོད་པར་མཛད་པས་ན། །ཐུབ་པའི་ཆོས་ཀྱི་ཕུང་པོ་མ་ལུས་པ། །མཁྱེན་རབ་ཟབ་མོའི་ཀློང་དུ་ཆུབ་པར་ངེས། །བཞི་པ་གྲགས་པ་ཕུལ་བྱུང་ནི། ཟག་མེད་ཡོན་ཏན་དབྱིག་ནོར་མ་ལུས་པ། །ཐུགས་ཀྱི་བང་མཛོད་ཡོངས་སུ་བཀང་བའི་ལྗིད། །གཡོ་མེད་འདེགས་པར་བཟོད་པའི་ས་འཛིན་ཁྱོད། །ཆུ་གཏེར་ཀློང་དུ་མ་བྱིང་ངོ་མཚར་ཆེ། །བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་དངོས་དང་གསལ་བྱེད་གཉིས། །དང་པོ་ལ་གསུམ་ལས། དང་པོ་སེམས་ལྡན་རབ་རྟོག་ནི། སྔོན་བྱུང་ལྷ་རྣམས་ཆུ་གཏེར་བསྲུབས་པའི་ཚེ། །ཀླུ་དབང་རབ་ཏུ་འཇིགས་ནས་ཉི་ཟླ་དང་། །སྨན་དང་དུག་གི་བུམ་པ་ལ་སོགས་པ། །ལྷ་ལ་སུག་འབུལ་བྱེད་པ་མིན་ནམ་སྙམ། །གཉིས་པ་སེམས་མེད་རབ་རྟོག་ནི། འདི་ནང་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད། །གཅིག་ལས་དུ་མར་འཆར་བ་ཡིན་ནོ་ཞེས། །ཟླ་བ་ནམ་མཁའི་དཀྱིལ་ནས་མ་གཡོས་བཞིན། །ཆུ་ཀླུང་ཀུན་ལ་ཅིག་ཅར་འཆར་བར་འདྲ། །གསུམ་པ་བཞིན་སྒྲ་ཅན་ནི། སྔོ་བསང་བུ་མོ་རྒྱུ་སྐར་རྒྱལ་པོ་ཡིས། །འཕྲོག་པས་སྐར་ཚོགས་ཕལ་ཆེར་བྲོས་མཐོང་ནས། །ཕུ་བོ་སྐྱེ་རེངས་དང་འགྲོགས་སྲིད་པའི་མིག །བགྲད་ནས་གླིང་བཞི་ཀུན་ཏུ་འཚོལ་བ་བཞིན། །གཉིས་པ་ལྔ་ལས། དང་པོ་སྙམ་སྒྲ་ཅན་ནི། དེང་སང་འདི་ནང་མཐུན་རྐྱེན་ཚོགས་བཞིན་དུ། །ཉིན་མཚན་ཆོས་ལ་བརྩོན་པ་མེད་མཐོང་བས། །འདི་ལ་ཉིན་བཞིན་བལྟ་བའི་ཉི་ཟླ་ཡང་། །སྐྱོ་བའི་ཚུལ་གྱིས་སྤྲིན་གསེབ་ཞུགས་སམ་སྙམ། །གཉིས་པ་དོགས་སྒྲ་ཅན་ནི། དམ་པ་ཁྱོད་ནི་ལུང་རྟོགས་པའི་ཆོས། །ཅིག་ཅར་བསྡུས་ཏེ་དབེན་པར་གཤེགས་པའི་ཤུལ། །འདི་ནང་ཤེས་ལྡན་ཐར་པ་འདོད་པ་དག །ལམ་སྟོན་མེད་པས་འཁོར་བར་འཁྱམས་ཀྱིས་དོགས། །གསུམ་པ་ངེས་སྒྲ་ཅན་ནི། འདི་ནང་ལེགས་བཤད་པདྨའི་ཟིལ་དངར་ལ། །ངོམ་པ་སྤྱོད་པའི་འཕུར་ལྡིང་མི་བྱེད་པར། །བུང་བ་ངན་ཁྲོད་འདམ་དུ་འཁོར་མཐོང་ནས། །ཉིན་བྱེད་ཁྲོས་ཏེ་ནུབ་རིར་འགྲོ་བ་ངེས། །བཞི་པ་འདྲའི་སྒྲ་ཅན་ནི། འདི་ནང་ཆོས་སྒོར་ཞུགས་པ་ཐམས་ཅད་ཀྱི། །ལང་ཤོར་ངན་པར་གོམས་པའི་དྲི་མ་འདི། །བདག་ཅག་རྣམས་ཀྱིས་བཀྲུ་བར་མི་ནུས་ཞེས། །ཆུ་ཀླུང་ཐམས་ཅད་ཐུར་དུ་བྲོས་པར་འདྲ། །ལྔ་པ་མིན་ནམ་སྒྲ་ཅན་ནི། དུས་མེ་མུན་ནག་ཁྲོས་པའི་ལག་པ་ཡིས། །ཉིན་བྱེད་ཕྱེ་མར་འཐག་པའི་རྡུལ་ཕྲན་རྣམས། །ཕྱོགས་བཅུར་གཏོར་བ་མིན་ནམ་མཚན་མོའི་དུས། །མཁའ་ལ་གྲངས་མེད་འོད་ཟེར་འཕྲོ་བར་མཐོང་། །བཅུ་གསུམ་པ་རྒྱུའི་རྒྱན་ལ་གསུམ། དངོས་པོའི་རྒྱུ། དངོས་མེད་ཀྱི་རྒྱུ། མཚར་བའི་རྒྱུའོ། །དང་པོ་ལ་བཞི། འགྲུབ་བྱེད་ཀྱི་རྒྱུ། རྣམ་འགྱུར་གྱི་རྒྱུ། འཐོབ་བྱེད་ཀྱི་རྒྱུ། ཤེས་བྱེད་ཀྱི་རྒྱུའོ། །དང་པོ་ལ་གཉིས་ལས། དང་པོ་སྐྱེད་བྱེད་ཀྱི་རྒྱུ་ནི། བྱང་ཆུབ་སེམས་དང་ལྡན་པའི་བཤེས་གཉེན་གྱིས། །འབྲེལ་ཚད་ཡང་དག་ལམ་ལ་འགོད་པར་བྱེད། །ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས་པ་འདིས། །སླད་མའི་བསྟན་འཛིན་རྣམས་ཀྱི་གསོས་སུ་འགྱུར། །གཉིས་པ་ཉམས་བྱེད་ཀྱི་རྒྱུ་ནི། བཤེས་གཉེན་དམ་པའི་མགོན་ལས་ཕྱིར་ཕྱོགས་ཏེ། །ཐ་སྙད་སྟག་གི་གསོབ་ཏུ་བརྫུ་བ་དག མཁས་རློམས་གཤེ་ཚིག་ངར་སྒྲ་མཐོ་བ་འདིས། །ངན་འགྲོའི་གཡང་ལ་འཆོངས་པའི་སྔ་ལྟས་ཡིན། །གཉིས་པ་རྣམ་འགྱུར་གྱི་རྒྱུ་ནི། ལྷ་མིའི་དབང་པོ་དག་གིས་སྤྱོད་པའི་ཡུལ། །རིན་ཆེན་གཞལ་མེད་ཁང་དང་དར་ཟབ་གོས། །རོ་བརྒྱའི་ཟས་དང་མཛེས་པའི་བཙུན་མོ་བཅས། །འཕགས་པ་རྣམས་ལ་སྒྱུ་མའི་ཡུལ་དུ་སྣང་། །གསུམ་པ་འཐོབ་བྱེད་ཀྱི་རྒྱུ་ནི། མང་ཐོས་གདམས་པར་ཤར་བའི་བློ་མེད་པར། །རི་ལ་དུད་འགྲོའི་རྒྱུ་ཚོགས་མ་སྒྲུབ་ཅེས། །ཕན་པའི་སེམས་ཀྱིས་སྙིང་གཏམ་བཤད་ན་ཡང་། །བསྒོ་བ་རྣ་ལ་གཟོན་པ་མང་དུ་མཐོང་། །བཞི་པ་ཤེས་བྱེད་ཀྱི་རྒྱུ་ལ་གཉིས་ལས། དང་པོ་ཕྱིའི་དུས་གོ་བ་ཤེས་བྱེད་ཀྱི་རྒྱུ་ནི། ཁྱུང་སྔོན་སྐྱེས་ཀྱི་ཞལ་རས་སྟོན་པ་དང་། །རྒྱུ་སྐར་རང་འོད་བསྡུས་ནས་མལ་དུ་ཉལ། །གཙུག་ཕུན་ཅན་རྣམས་སྐད་གསང་འདོན་པའི་ཚེ། །ཀློག་པའི་གྲྭ་ལ་ཆོས་དབྱིངས་ལེན་པར་ཐོས། །གཉིས་པ་ནང་ཤེས་བྱེད་ཀྱི་རྒྱུ་ནི། གྲོགས་དག་ནང་གི་དེ་ཉིད་རྟོགས་པ་ལ། །མཁས་པར་གཏན་ཚིག་བཟང་ཡང་དཔྱིད་མི་ནུས། །བླུན་པོ་སྡུག་བསྲན་ཆེ་ཡང་མཐོང་མི་ནུས། །ཆོས་ཉིད་མཉམ་པ་ཉིད་དུ་ཤེས་པས་རྟོགས། །གཉིས་པ་དངོས་མེད་ཀྱི་རྒྱུ་ལ། རྒྱུ་མེད་པས་འབྲས་བུ་ཡོད་མེད་གཉིས། དང་པོ་ལ་བཞི་ལས། དང་པོ་སྔ་ན་མེད་པའི་བྱེད་རྒྱུ་ནི། མཚན་ལྡན་བླ་མ་མཉེས་པར་མ་བྱས་ཤིང་། །རང་གནས་སེམས་ཀྱི་ངོ་སྤྲོད་མ་ཐོབ་ལ། །ཉོན་མོངས་རྣམ་རྟོག་འགྲོ་འོང་མ་ཤེས་བཞིན། །མི་ཚེ་རི་ལ་སྐྱལ་བའི་སྒོམ་ཆེན་སྐྱོ། །གཉིས་པ་ཞིག་ནས་མེད་པའི་བྱེད་རྒྱུ་ནི། ཚེ་འདིར་ཞེན་པའི་སྣང་བ་རིམ་གྱིས་འགག །འདུ་འཛི་ཁྲོད་དུ་དགའ་བའི་བློ་ཡང་ཡལ། །གྲགས་འདོད་སེམས་ཀྱི་མཐུ་ཡང་ཉམས་གྱུར་པས། །ཕྱི་མའི་དོན་ཆེན་ཁོ་ནར་ཡིད་ལ་བྱེད། །གསུམ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི། གྲོ་ལུང་དགོན་འདི་ཁོ་བོའི་ཕ་ཁྱིམ་མིན། །ཡོ་བྱད་སྒྲུབ་འདི་གཉེན་བཤེས་ཕྱིར་མ་ཡིན། །བྱ་བྱེད་མང་ཡང་རང་དོན་ཆེད་དུ་མིན། །སྒྲུབ་བརྒྱུད་བསྟན་པ་ཚུགས་འདིས་བློ་རེ་བདེ། །ཡང་ན། ངུར་སྨྲིག་གོས་འདི་དམག་གི་གོ་ཁྲབ་མིན། །ལུང་རིགས་སྨྲ་བའང་མཚོན་ཆ་མ་ཡིན་ལ། །བློ་གསལ་སྐྱེས་བུ་འདུས་པ་དཔུང་ཚོགས་མིན། །བཤད་གྲྭ་ལགས་ཕྱིར་འདིས་ཀྱང་སེམས་རེ་དགའ། །བཞི་པ་སྤངས་ནས་མེད་པའི་བྱེད་རྒྱུ་ནི། འཁོར་བའི་བདེ་སྐྱིད་སྒྲུབ་པའི་གཡོ་ཐབས་ནི། །རི་ལ་གནས་པ་རྣམས་ལ་ཡོད་མ་ཡིན། །སེམས་ཀྱི་གནས་ཚུལ་འབའ་ཞིག་སེམས་དཔའི་མཐུས། །ལམ་གྱི་དྲོད་རྟགས་ཉིན་རིམ་བཞིན་དུ་འཕེལ། །གཉིས་པ་རྒྱུ་དངོས་མེད་ཀྱིས་འབྲས་བུ་དངོས་མེད་སྐྱེད་པ་བཟློག་པ་སྐྱེད་བྱེད་ཀྱི་རྒྱུ་ནི། དཔལ་ལྡན་བླ་མ་གཙུག་གི་རྒྱན་ཉིད་དུ། །བཀོད་དེ་གསོལ་བ་སྙིང་ནས་འདེབས་མིན་ན། །བདག་ཀྱང་ལུང་མ་བསྟན་པའི་སྒོམ་ཆེན་ལྟར། །སེམས་ཀྱི་གནས་ཆ་ཙམ་ཡང་ཤེས་པར་དཀའ། །གསུམ་མཚར་བའི་རྒྱུ་ལ་ལྔ་ལས། དང་པོ་རིང་འབྲས་ཀྱི་རྒྱུ་ནི། ཁྱེད་ཅག་འདི་ལ་ཡེངས་མེད་རྩེ་གཅིག་ཏུ། །བཞུགས་པའི་གམ་ནས་ལྷགས་པའི་དྲི་གཞོན་གྱིས། །ཀུན་ལ་ཁྱབ་པ་མ་ཟད་ཐག་རིང་ན། །གནས་པ་བདག་གི་ཡིད་ཀྱང་དགའ་བར་བྱེད། །གཉིས་པ་རྒྱུ་འབྲས་ལྷན་ཅིག་པའི་རྒྱུ་ནི། ཚེ་འདི་བློས་བཏང་དབེན་པའི་མལ་དུ་ཞུགས། །བླ་མ་སྙིང་གི་ཁང་བུར་བསུས་པ་དང་། །ལྷན་ཅིག་ཉི་ཟླའི་འོད་ཀྱིས་མི་བརྫི་བའི། །སྨག་རུམ་འདི་ཡང་ཅིག་ཅར་སེལ་བར་བྱེད། །གསུམ་པ་འབྲས་བུ་སྔ་བའི་རྒྱུ་ནི། ཟབ་རྒྱས་ཆོས་ཀྱི་ཆུ་ཀླུང་ཀུན་བསྡུས་པའི། །བླ་མའི་མན་ངག་རྒྱ་མཚོ་ཐོབ་པའི་རྗེས། །སླར་ཡང་ནང་དུ་འཇོག་པའི་ཉམས་ལེན་གྱིས། །རྟགས་བཅུ་ཡོན་ཏན་རྫོགས་པའི་ཟླ་བ་མཐོང་། །བཞི་པ་འོས་མི་རིགས་པའི་རྒྱུ་ནི། ཁོ་བོའི་ལྷག་བསམ་ཟླ་བ་ཉ་བ་ལས། །འཛག་པའི་ཚིག་གི་ཟེག་མ་འཕྲོ་བ་འདིས། །ཕལ་ཆེར་ཞལ་གྱི་པདྨ་ཟུམ་ཟུམ་བྱེད་ཀྱང་། །སེམས་དགེ་བ་ལ་ཉེས་མེད་ཅི་དགར་གྱིས། །ལྔ་པ་འོས་རིགས་པའི་རྒྱུ་ནི། ཉམས་ལེན་བླ་མའི་རྣལ་འབྱོར་གཅིག་པུ་ལ། །བརྩོན་པའི་མོས་གུས་སྐྱེ་རེངས་འབའ་ཞིག་གིས། །བྱིན་རླབས་ཉིན་བྱེད་མགྲོན་དུ་ཁུག་པ་ལས། །རྨོངས་པའི་དྲི་མ་མཐའ་དག་རིང་དུ་བྲོས། །བཅུ་བཞི་པ་ཕྲ་མོའི་རྒྱན་གཉིས་ལས། དང་པོ་ཟུར་གྱི་ཕྲ་མོ་ནི། ཆོས་གྲལ་བག་ཡངས་ནགས་ཀྱི་རྫིང་བུ་རུ། །པདྨའི་འདབ་མ་གཡོ་དང་མི་གཡོ་བ། །བུང་བ་སྦྲང་རྩིར་སྤྱོད་པའི་ཁྱད་པར་ཡིན། །མི་གཡོ་རབ་ཏུ་འགྲིམས་ཏེ་སྤྱོད་ཅིག་གུ། །གཉིས་པ་རྣམ་པའི་ཕྲ་མོ་ནི། སྲིད་པའི་ནོར་གྱིས་བསྒྲུན་དུ་མི་ཕོད་པའི། །ཆོས་སྐུའི་རིང་བསྲེལ་ཅི་དགར་འགྱེད་པ་ན། །འཛུམ་པའི་སོ་དཀར་སྟོན་པའང་མ་མཐོང་ན། །སྙིང་ལ་སིམ་པའི་དགའ་བ་ཚོར་མཁན་སུ། །བཅོ་ལྔ་པ་ཆའི་རྒྱན་ལ་བཞི་ལས། དང་པོ་སྦེད་པ་འོས་པའི་ཆ་ནི། མི་གཙང་ལུས་ལ་བསྒོས་པའི་སྐྱེ་བོ་འགའ། །རང་གི་གནས་ཚུལ་སྨྲ་བར་མ་བཟོད་པས། །འདི་ནང་དྲི་མ་ངན་ནོ་ཤེས་ལྡན་དག །ཙནྡན་དུད་པ་ཐོངས་ཞེས་མཛེས་པར་སྨྲ། །གཉིས་པ་སྦེད་པ་མི་འོས་པའི་ཆ་ནི། བདེ་བྱེད་མཚམས་མེད་ལས་ལ་འགྱོད་སེམས་ཀྱིས། །ཤིན་ཏུ་སྐྱོ་བས་མཆི་མ་ཤོར་ན་ཡང་། །སྲིད་པ་འདི་དག་སྡུག་བསྔལ་དུ་ཤེས་པས། །བདེན་པ་མངོན་སུམ་མཐོང་ཞེས་དགའ་བས་བསྒྲགས། །གསུམ་པ་ཟོལ་གྱིས་ཆ་ལས་སྨད་པ་ནི། ལྔ་རིག་སྨྲ་བའི་དབང་ཕྱུག་དམ་པ་ཁྱོད། །གཞོན་ནུའི་དུས་ནས་ཐ་སྙད་མཁས་པར་སྦྱངས། །ནང་དོན་རིག་པ་ཙམ་ལའང་མ་ཆགས་པར། །སྙན་ཚིག་རྩོམ་པས་རྒྱལ་བསྟན་མཛེས་པར་བྱེད། །བཞི་པ་ཟོལ་གྱིས་ཆ་ལས་བསྟོད་པ་ནི། མགོན་ཁྱོད་ཐ་སྙད་བསླུ་བའི་ཆོས་སུ་དགོངས། །མདོ་སྔགས་གཞུང་ལུགས་ཐུགས་སུ་ཆུད་ན་ཡང་། །གཙོ་བོ་ཡང་དག་འཇོག་ལ་མཛད་པ་འདིས། །རླབས་ཆེན་གཞན་དོན་ཡལ་བར་མི་འགྱུར་རམ། །བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་ནི། ཞིང་འདིར་བསྟན་འགྲོའི་དཔལ་དུ་བཞུགས་པ་ཡི། །མགོན་པོ་ཁྱོད་ཀྱི་གསང་གསུམ་ཡོན་ཏན་ནི། །ཉི་མའི་དབང་ཕྱུག་ཉིད་དང་ལྷ་ཡི་རྔ། །ཀུན་གསལ་ལམ་གྱིས་མཚོན་ནོ་རྗེ་བླ་མ། །བཅུ་བདུན་པ་དགའ་བའི་རྒྱན་ལ་གཉིས་ལས། དང་པོ་དངོས་ཐོབ་ཀྱི་དགའ་བ་ནི། གངས་རིའི་ཁྲོད་དུ་རྒྱ་ཡི་གདུང་འཛིན་པ། །ཁྱོད་ཀྱི་མི་ཕྱེད་གྲུབ་པའི་སར་བཀོད་དེ། །ས་ཆེན་བསྐལ་བཟང་མཛད་པའི་དགའ་སྟོན་འདི། །སླར་ཡང་ལྗོངས་འདིར་འབྱུང་བའི་ལུང་བསྟན་མཛད། །གཉིས་པ་གཟུགས་བརྙན་གྱི་དགའ་བ་ནི། ལྗོངས་འདིའི་ལྷ་སྐལ་འབྲུག་པའི་གདུང་འཛིན་པ། །སྐྱབས་མགོན་ངག་དབང་རྣམ་པར་རྒྱལ་བ་ལ། །གསོལ་འདེབས་མཚན་སྔགས་བཟླས་པའི་བག་ཆགས་ཀྱིས། །རྨི་ལམ་ཡང་དགའ་བའི་ཉམས་སྣང་ཤར། །བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ལ་བརྒྱད་ལས། དང་པོ་དགའ་བ་འཕེལ་བ་སྒེག་པའི་ཉམས་ནི། མཁས་པའི་ལུང་དང་གྲུབ་པའི་མན་ངག་ལ། །ངལ་བརྒྱ་བསྟེན་པའི་དཀའ་ཚེགས་མི་དགོས་པར། །བླ་མ་མཉེས་པའི་བྱིན་རླབས་ཉག་གཅིག་གིས། །རང་སེམས་ཆོས་སྐུར་ངེས་པ་རྙེད་འདི་ཅི། །གཉིས་པ་ཁྲོ་བ་འཕེལ་བ་དྲག་ཤུལ་གྱི་ཉམས་ནི། རབ་ཏུ་ཁྲོས་པ་རྡོ་རྗེ་དགྲ་འདུལ་རྩལ། །སྲིད་གསུམ་ཟ་བ་ཙམ་དུ་ཆས་པའི་མདུན། །དགྲ་བགེགས་ལྔ་ཕུང་ལྕགས་ལས་གྲུབ་ན་ཡང་། །སྲོག་རྩ་ལག་ཏུ་མི་ལེན་རང་དབང་ཅི། །གསུམ་པ་སྤྲོ་བ་འཕེལ་བ་དཔའ་བའི་ཉམས་ནི། ལོ་མང་མཐུ་ཡི་ཁང་པར་མ་ཞུགས་ཤིང་། །རཀྴའི་ཕྲེང་བས་ངན་སྔགས་མ་བགྲང་ལ། །རལ་པའི་ཁུར་ཆེན་སྤྱི་བོར་འཆིང་མིན་པར། །བསྟན་དགྲ་མིང་གི་ལྷག་མ་བྱས་འདི་ཅི། །བཞི་པ་མྱ་ངན་འཕེལ་བ་སྙིང་རྗེའི་ཉམས་ནི། སྐུ་ངོ་ཅོག་རྩེའི་སྟེང་གི་ཞལ་དཀར་ཡང་། །ཕྱག་སོར་བརྐྱངས་ཏེ་བཞེས་པར་མི་བཟོད་པར། །ཀྭ་ཡེ་ཞེས་པའི་སྒྲ་ཆེན་སྒྲོག་པ་དག །མཐའ་མི་གདུག་པའི་བརྩོན་རར་ཇི་ལྟར་གནས། །ལྔ་པ་སྐྱུག་བྲོ་འཕེལ་བ་སྡུག་པའི་ཉམས་ནི། མི་སྡུག་མཚན་མ་དགུ་ཡིས་ལུས་ལ་བརྒྱན། །མཐོང་ཚད་གདོང་དུ་འཚོག་ཅིང་མགུལ་བ་ཡི། །ལྦ་བ་བརྟོལ་བའི་རྣག་ཁྲག་ཟས་སུ་བྱེད། །འདི་འདྲའི་ལུས་སུ་སྐྱེ་རྣམས་ཀྱེ་མ་ཧུད། །དྲུག་པ་དགོད་པ་འཕེལ་བ་བཞད་གད་ཀྱི་ཉམས་ནི། ལྷ་མེད་འདྲེ་མེད་ལྟ་བའི་གདེངས་མཐོ་ཞིང་། །སྦྱོར་གྲོལ་འཆལ་པར་སྤྱོད་པའི་སྒོམ་ཆེན་དག །ཐོར་ཚུགས་ཅུང་ཟད་བཤིག་སྟེ་ཞལ་རས་ལ། །བཀབ་ནས་རྩིང་སྤྱོད་བག་ཡངས་མཛོད་ཅིག་ཀྱེ། །བདུན་པ་ངོ་མཚར་འཕེལ་བ་རྨད་བྱུང་གི་ཉམས་ནི། སྤོང་བའི་ཁང་པ་རྒྱལ་པོའི་རྒྱལ་སྲིད་དང་། །ཐུན་བཞིའི་རྣལ་འབྱོར་བཙུན་མོ་འཛུམ་པའི་ཞལ། །དབང་བཞིའི་བྱིན་རླབས་རྒྱལ་པོའི་གནང་སྦྱིན་དུ། །གྱུར་པའི་སྐལ་བཟང་ཐོབ་འདི་སྣང་བ་སྐྱིད། །བརྒྱད་པ་འཇིགས་པ་འཕེལ་བ་འཇིགས་རུང་གི་ཉམས་ནི། ལྕགས་བསྲེག་མེ་ལྕེ་འབར་བའི་ས་གཞི་རུ། །སྡིག་པའི་སེམས་ཀྱིས་འཕངས་པའི་སྐྱེ་བོ་རྣམས། །གཤིན་རྗེ་མཚོན་གྱིས་གཏུབས་པའི་སྡུག་བསྔལ་ནི། །དྲན་པ་ཙམ་གྱིས་མཆི་མ་ས་ལ་ལྷུང་། །བཅུ་དགུ་པ་གཟི་བརྗིད་ཅན་ཀྱི་རྒྱན་ནི། སྨྲ་བའི་སེངྒེ་ནཱ་རོ་ཏ་པ་ཡིས། །གཞན་སྡེ་གླང་ཆེན་སྨྱོན་པ་ཚར་བཅད་ཅེས། །ཞུམ་པར་མི་བྱ་སྐལ་ལྡན་གདུལ་བྱ་རྣམས། །ཚེ་འདིར་མཆོག་གི་ས་ལ་འགོད་པར་མཐོང་། །ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ནི། ཁོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲི་ཞུའི་ཕྱིར། །ཞག་འགའ་དབེན་པའི་གནས་སུ་གནང་བར་ཞུ། །སླར་ཡང་གནས་འདིར་མ་འབྱོར་དེ་སྲིད་དུ། །ཁྱེད་ཅག་མ་གྱེས་ལྷན་ཅིག་བཞུགས་འཚལ་ལོ། །ཉེར་གཅིག་པ་ཀུན་ཕན་རྒྱན་ནི། རེ་ཞིག་རང་གི་བསྟི་གནས་ཉིད་དུ་སོང་། །སྲི་ཞུ་ཅུང་ཟད་བགྱི་བ་བརྩམ་པའི་ཚེ། །སློབ་བུ་རྣམས་ཀྱིས་འབད་རྩོལ་ལ་བརྟེན་ནས། །རེ་འདུན་ཡང་དག་འགྲུབ་པའི་རྐྱེན་དུ་བྱུང་། །ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ལ་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་འི་རྒྱན་ནི། བསོད་ནམས་སྟོབས་ཀྱིས་ཕ་རོལ་དམག་ཚོགས་ཀུན། །ཅིག་ཅར་གཞོམ་པར་མཛད་པའི་མཐུ་མངའ་ཡང་། །གཙུག་གི་ནོར་བུ་དགྲ་ལ་སྦྱིན་པ་ནི། །ཆོས་རྒྱལ་བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན། །གཉིས་པ་འབྱོར་པ་རྒྱ་ཆེ་འི་རྒྱན་ནི། གང་དག་སྲིད་པ་གསུམ་གྱི་འཇིག་རྟེན་ན། །ལྷ་ཀླུ་མི་ཡི་དཔལ་ཡོན་མ་ལུས་པ། །གཅིག་ཏུ་བསྡུས་ཀྱང་ཀུན་བཟང་མཆོད་སྤྲིན་གྱི། །ངོ་མཚར་བཀོད་པ་གཅིག་གི་ཆར་མི་ཕོད། །ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ་གསུམ་ལས། དང་པོ་ཆོས་ལ་བསྙོན་དོར་ནི། རྣམ་འདྲེན་བུ་རམ་ཤིང་པས་ཆོས་ཀྱི་སྒོ། །རྣམ་པ་གསུམ་དུ་ཕྱེ་ཞེས་གྲགས་ན་ཡང་། །དེ་ནི་མ་ཡིན་རྒྱལ་བའི་ཆོས་ཀྱི་སྒོ། །གྲངས་དང་ཚད་ཀྱིས་གཞལ་བའི་ཡུལ་ལས་འདས། །གཉིས་པ་ཡུལ་ལ་བསྙོན་དོར་ནི། མཐོང་ན་མི་མཐུན་མེད་པའི་སྟོན་པ་ཁྱོད། །མེ་ཏོག་གཞུ་ཅན་རྣམས་ལ་དུག་ཏུ་འགྱུར། །བསྐལ་བཟང་རིགས་ཅན་གསུམ་གྱི་གདུལ་བྱ་ལ། །ཞི་བདེ་བསིལ་བའི་བདུད་རྩིའི་ཉིད་དུ་འགྱུར། །གསུམ་པ་རང་བཞིན་བསྙོན་དོར་ནི། མདོ་རྒྱུད་དགོངས་འགྲེལ་བཅས་པའི་པུསྟ་ཀ །ཕྱག་དང་མཆོད་པའི་ཡུལ་དུ་གྱུར་མོད་ཀྱང་། །དེང་སང་བསོད་ནམས་དམན་པ་དེ་དག་གིས། །གཡོ་སྒྱུའི་ཚོང་ཟོང་བྱེད་པ་སེམས་རེ་སྐྱོ། །ཉེར་བཞི་པ་སྦྱར་བའི་རྒྱན་ལ་དགུ་ལས། དང་པོ་ཚིག་ཐ་དད་མིན་པའི་སྦྱར་བ་ནི། གཉིས་སྐྱེས་ཚོགས་པའི་དབུས་ན་རབ་གནས་ཤིང་། །འོད་དཀར་འཛམ་མདངས་ཆགས་པའི་དཀྱིལ་འཁོར་ཅན། །འཁོར་བའི་ཚ་གདུང་སེལ་བའི་མགོན་པོ་འདི། །ཡིད་ཅན་འགྲོ་བ་ཀུན་གྱི་ཡིད་གར་འོང་། །གཉིས་པ་གཅོད་མཚམས་ཐ་དད་ལ་ཚིག་འདྲ་བའི་སྦྱར་བ་ནི། ལས་ཀྱི་རླུང་གིས་ཤིང་རྟ་བསྐྱོད་པའི་མཐུས། །དབང་མེད་མཁའ་ལ་འཁོར་བའི་སྐར་ཚོགས་རྣམས། །འགྲོ་བའི་སྒྲོན་མེ་མཇལ་ཡང་རང་གནས་ཀྱི། །ཡོན་ཏན་འོད་ཚོགས་ལྷག་ཏུ་འབྱིན་ནུས་ཅི། །གསུམ་པ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། རང་གཤིས་མི་བརྟན་ཅ་ཅོ་མང་བ་དང་། །སྐྱེ་བོ་ཀུན་གྱིས་སྤྱད་བྱར་གྱུར་པ་ཡི། །ཆུ་ཀླུང་འདི་དག་ཐུར་དུ་རྒྱུག་པ་དང་། །བུད་མེད་དེས་ཀྱང་ཐུར་དུ་འཁྲིད་པར་བྱེད། །བཞི་པ་བྱ་བ་འགལ་བ་མིན་པའི་སྦྱར་བ་ནི། དྲང་དོན་ཆོས་ཀྱིས་མོས་པ་འཕེལ་བར་བྱེད། །ངེས་པའི་དོན་ལ་བཀྲི་བའི་ཐབས་མཁས་ཀྱིས། །ལེགས་པར་བཤད་པའི་ཆོས་ནི་ཐོས་བྱས་ཏེ། །སྐལ་ལྡན་མཆོག་གི་ས་ལ་འགོད་པར་བྱ། །ལྔ་པ་འགལ་བ་ཅན་གྱི་སྦྱར་བ་ནི། བླ་མ་སྙིང་གི་ཐིག་ལེར་བསྒོམ་པའི་མཐུས། །ལུས་སྐྱེས་གཡོ་ཞིང་མོས་པ་འཕེལ་བ་དང་། །འདོད་ལ་སྲེད་པའི་བློ་ཡང་ཉམས་གྱུར་ནས། །གཡོ་བའི་སེམས་ནི་མི་གཡོ་བརྟན་པར་ཐོབ། །དྲུག་པ་ངེས་པ་ཅན་གྱི་སྦྱར་བ་ནི། མཛེས་པའི་ལུས་དང་ཤིན་ཏུ་སྙན་པའི་ངག །རྗེས་སུ་ཆགས་པའི་སེམས་དང་ལྡན་བཞིན་དུ། །ཞི་བསིལ་བདུད་རྩིར་བསྟེན་པའི་ཆོས་དེ་དག །བསྟན་འཛིན་ངང་པའི་རྒྱལ་པོ་ཉིད་ལས་མེད། །བདུན་པ་ངེས་པར་འགོག་པའི་སྦྱར་བ་ནི། སྲིད་ལྡན་ཁྱོད་ཀྱིས་བགྲོད་བྱར་མ་གྱུར་པའི། །མེ་ཏོག་ལམ་ནི་ཕྱོགས་འདིར་ཡོད་མ་ཡིན། །འོན་ཀྱང་མ་ངེས་སྤྲིན་གྱི་གོས་ཅན་མ། །སྔོ་བསངས་ཕྱོགས་ཀྱི་བུ་མོ་རྣམས་མཐོང་ཕྱིར། །བརྒྱད་པ་ཁྱད་ཆོས་འགལ་བ་ཡིན་པའི་སྦྱར་བ་ནི། སྐུ་ཡི་ལྗོན་པ་འདོད་དགུའི་འབྲས་བཟང་རྒྱས། །གསུང་གི་རྔ་སྒྲ་ཟབ་རྒྱས་དབྱངས་སུ་སྒྲོག །ཐུགས་ཀྱི་བུམ་བཟང་གདམས་པའི་བཅུད་དུ་སྨིན། །འདྲེན་མཆོག་ཁྱོད་ལ་ལྷ་ཡི་ཕུན་ཚོགས་མངའ། །དགུ་པ་ཁྱད་ཆོས་འགལ་བ་ཅན་གྱི་སྦྱར་བ་ནི། ཟག་མེད་ཡོན་ཏན་རྫོགས་ཀྱང་རློམས་སེམས་མེད། །སྙིང་སྟོབས་ཆེ་ཡང་རང་དོན་སྒྲུབ་པ་བྲལ། །ཀུན་གྱིས་མཆོད་ཀྱང་དམན་པའི་ས་རུ་བཟུང་། །མི་ཡི་གཟུགས་སུ་སྣང་ཡང་ལྷ་ཡིས་བསྟོད། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཚུལ་ལྡན་ཁྱོད་ཀྱི་ཆོས་གོས་རྣམ་གསུམ་ནི། །སྲ་ཞིང་མཁྲེགས་པ་མ་ཡིན་མཐུག་པའང་མིན། །དེ་ལྟ་ན་ཡང་མེ་ཏོག་གཞུ་ཅན་གྱིས། །མདའ་རྣོན་སྟོང་གིས་མ་ཕིགས་ངོ་མཚར་ཆེ། །གཉིས་པ་རིགས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ས་སྐྱོང་ཁྱོད་ནི་མང་པོས་བཀུར་བ་དང་། །གཉའ་ཁྲིའི་རིགས་ལས་བྱུང་བ་མ་ལགས་ཀྱང་། །ལྗོངས་འདིར་བདེ་སྐྱིད་གསར་པའི་སྒོ་ཕྱེ་ནས། །འགྲོ་རྣམས་བདེ་བར་འཚོ་བའི་གཉེན་དུ་གྱུར། །གསུམ་བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ་ནི། མཚན་མ་རྫས་ཀྱི་དཀྱིལ་འཁོར་མ་མཆོད་ལ། །རིན་ཆེན་བུམ་བཟང་སྤྱི་བོར་མ་འཇོག་ཅིང་། །འཆི་མེད་བདུད་རྩིའང་མགྲིན་པར་མྱང་མིན་པར། །དབང་བཞི་སེམས་ལ་ཐོབ་པ་ངོ་མཚར་ཆེ། །བཞི་པ་རྫས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། དཔུང་ཚོགས་ཡན་ལག་བཞི་དང་མི་ལྡན་ཞིང་། །རྣོ་ངར་ལྡན་པའི་མཚོན་ཆ་མ་མཆིས་ཀྱང་། །ཆོས་ཀུན་རང་བཞིན་མེད་པར་ཤེས་ཙམ་གྱིས། །ཉོན་མོངས་དགྲ་རྣམས་ཕམ་པར་བྱེད་འདི་མཚར། །ལྔ་པ་རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ་ནི། དཀའ་ཐུབ་གདུང་བས་སྐུ་ཡི་མདངས་ཉམས་ཤིང་། །ན་བཟའ་རས་གོས་ཙམ་ལས་མ་མཆིས་ཀྱང་། །གངས་ཅན་གྲུབ་པའི་གཙུག་རྒྱན་མི་ལ་རྗེས། །འཇིག་རྟེན་ཆེ་དགུ་ཡོངས་ཀྱི་ཡིད་དབང་འཕྲོག །ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ལ་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། འཕགས་པའི་ཡུལ་དུ་པཎ་ཆེན་དཎྜྻི་དང་། །གངས་ཅན་ལྗོངས་སུ་མཁས་པ་གཤོང་སྟོན་རྗེ། །ད་ལྟ་རང་རེའི་ལྗོངས་འདིར་ནོར་བུའི་མཚན། །སྙན་ཚིག་རྩོམ་ལ་མཁས་པའི་རྒྱལ་རྔ་བརྡུང་། །གཉིས་པ་སྨད་པའི་མཚུངས་སྦྱོར་ནི། སྐྱེ་བོའི་མིག་སྔར་མཛེས་པའི་དགེ་སྦྱོར་དང་། །ལྟ་དང་སྒོམ་པ་དབེན་པའི་ཐོར་ཚུར་ཅན། །བར་སྣང་སྟོང་པར་འཆར་བའི་དབང་གཞུ་རྣམས། །ཕྲལ་ལ་མཛེས་ཀྱང་ཕུགས་སུ་སྙིང་པོ་མེད། །ཉེར་བདུན་པ་འགལ་བའི་རྒྱན་ལ་དྲུག་ལས། དང་པོ་གཞི་ཐ་དད་ཀྱི་བྱ་བ་འགལ་བ་ནི། ཐར་འདོད་བླ་མའི་རྗེས་སུ་འཇུག་པ་རྣམས། །གདམས་པ་སྙིང་ལ་སིམ་པས་དགའ་བ་རྒྱས། །དེ་ཡི་འགལ་ཟླ་ནག་པོའི་རྩ་ལག་རྣམས། །དགའ་བའི་རྣམ་འགྱུར་སྤངས་ནས་མྱ་ངན་བྱེད། །གཉིས་པ་གཞི་གཅིག་ལ་ཡོན་ཏན་འགལ་བ་ནི། གཅིག་ཏུ་ཆོས་ལ་སེམས་པའི་གང་ཟག་ལ། །ཐོས་བསམ་ལམ་གྱི་ཡོན་ཏན་ཉིད་བཞིན་འཕེལ། །མ་བརྟགས་ཉམས་དགའ་འདོད་པའི་ཡོན་ཏན་ལ། །རྣམ་པ་གཡེང་བའི་བློ་ཡང་རིམ་གྱིས་ཟད། །གསུམ་པ་གཞི་གཅིག་ལ་རྫས་འགལ་བ་ནི། ཆོས་ལ་རྨོངས་ཤིང་ཆོས་མིན་སྤྱོད་ལ་མཁས། །སྨྲ་བ་འཇམ་ལ་བསམ་པ་ཆེར་རྩུབ་ཅིང་། །ཟ་ཁ་ནང་གཏད་སྙིང་ཁ་ཕྱིར་གཏད་པའི། །སྐྱེ་བོ་འདི་དག་བསྟན་པའི་ཆོམ་རྐུན་ཡིན། །བཞི་པ་རྫས་དང་ལས་འགལ་བ་ནི། དཀར་བའི་ལུས་ལ་ཟླ་བའི་བཞིན་རས་ཅན། །རྒྱུ་སྐར་ཕྲེང་བ་བསྟར་བའི་སོ་ཕྲེང་དང་། །མ་མཆུའི་བདུད་རྩི་གསར་པའི་རོ་ལྡན་མས། །ཆགས་ལྡན་སྙིང་ལ་གདུང་བ་ཅི་ཕྱིར་བསྐྱེད། །ལྔ་པ་གཞི་གཅིག་ལ་བྱ་བ་འགལ་བ་ནི། དགུན་གྱི་གྲང་རེག་ཁ་བའི་རྡུལ་ཕྲན་དང་། །འདྲེས་པའི་བུ་ཡུག་འཚུབས་མ་རང་ལུས་ལ། །རེག་པ་མིན་ཡང་ཆགས་ལྡན་སྐྱེ་བོའི་ཚོགས། །བཞིན་ཉམས་ལུས་ཀྱི་འཁྲི་ཤིང་འདར་བ་མཐོང་། །དྲུག་པ་སྦྱར་བའི་དོན་གྱི་འགལ་བ་ནི། དགའ་ལྡན་ལྷ་ཡི་ལམ་ནས་ཉེར་འཕོས་ཏེ། །སྐྱེ་འགྲོ་ཕན་བདེར་འགོད་པའི་ཕྲིན་ལས་ཅན། །བྲི་གང་མེད་པའི་འོད་སྟོང་ལྡན་པ་ཡང་། །ཆུ་ལྷའི་ཕག་ཏུ་ནུབ་པའི་ཚུལ་ལ་ལྟོས། །ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་ནི། རིང་པོའི་ཤུལ་ལམ་དཀའ་ཚེགས་གོམས་པ་ཡིས། །འཇལ་བར་མི་དགོས་ལྟོ་གོས་འཁུར་མིན་པར། །གང་འདོད་གནས་སུ་ཡུད་ཀྱིས་བགྲོད་ནུས་པས། །ཨེ་མ་མཁའ་ལ་སྤྱོད་རྣམས་ཅི་མི་དགའ། །ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ་གསུམ་ལས། དང་པོ་མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད་ནི། ཨརྻ་དེ་བ་ཡེ་ཤེས་སྤྱན་གཅིག་གིས། །ཆོས་ཀུན་གཟིགས་ཤིང་བསྟན་པའི་རྒྱལ་མཚན་བསྒྲེང་། །ཁྱོད་ནི་རྣམ་དག་འདྲེན་བྱེད་ཟུང་ལྡན་པས། །ལྗོངས་འདིར་བཤད་གྲྭ་སྤེལ་ལ་ངོ་མཚར་ཅི། །གཉིས་པ་དཔའ་བ་ཕུན་སུམ་ཚོགས་པའི་ཟོལ་བསྟོད་ནི། འདི་ནང་ཁྱོད་ཀྱིས་དབུ་མ་ལུགས་གཉིས་ཀྱི། །གསལ་བྱེད་དེ་ཙམ་རྩོམ་ལ་སྙེམས་མི་འཚལ། །རང་ལྗོངས་བསྟན་འཛིན་ཡོངས་ཀྱི་བཤེས་ཉིད་དུ། །གྲགས་པ་དོན་ལྡན་ཚུལ་འདིས་རིགས་སམ་ཅི། །གསུམ་པ་སྦྱར་བའི་ཟོལ་བསྟོད་ནི། ཁྱོད་ཀྱི་སློབ་ཚོགས་ངང་པའི་བུ་མོ་ཡིས། །ཆོས་དབྱངས་་པར་སྒྲོགས་པའི་མཐུ་མཆིས་ན། །ཅི་ཕྱིར་བསྟན་འཛིན་ཡོངས་ཀྱི་རྒྱན་ཉིད་དུ། །བསྔགས་པའི་གཏམ་ལ་མཚན་མ་འཛིན་ནམ་ཅི། །སུམ་ཅུ་པ་ངེས་བསྟན་གྱི་རྒྱན་ལ་གཉིས་ལས། དང་པོ་མཆོག་གི་ངེས་བསྟན་ནི། སྤྲིན་དབྱངས་སྙན་པར་སྒྲོག་པ་ཉིད་ཀྱིས་ནི། །ཆུ་འཛིན་གསར་པའི་ཁོང་ནས་གྲུ་ཆར་འབྱིན། །སྐྱེས་སྦྱངས་ཡོན་གྱིས་ཕྱུག་པའི་མཁས་མཆོག་གིས། །མདོ་སྔགས་ལེགས་བཤད་འདོམས་པའི་དཔེ་རུ་མཚོན། །གཉིས་པ་མཆོག་མིན་ངེས་བསྟན་ནི། ཕྱོགས་ཀྱི་གླང་པོ་ནམ་མཁའི་མཐར་ཉུལ་ནས། །ཉི་ཟླའི་སྣང་བ་བར་ལ་ཞ་བའི་དུས། །མདའ་ལྔ་སྙིང་ལ་ཟུག་པའི་སྐྱེ་བོ་འགས། །བསྟན་པའི་ལམ་སྲོལ་བཟང་པོ་སྣུབ་ལ་ཁད། །སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་ལ་གསུམ་ལས། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། བསྐལ་བཟང་རྫོགས་ལྡན་ཉི་མའི་སྣང་བ་དང་། །འཛམ་གླིང་ཐུབ་པའི་བསྟན་པ་ལྷན་ཅིག་གསལ། །རྫོགས་ལྡན་སྤྲིན་ལས་འདོད་པའི་གྲུ་ཆར་དང་། །དམ་པའི་ཆོས་ཀྱི་བདུད་རྩི་ལྷན་ཅིག་མྱོང་། །གཉིས་པ་བྱ་བ་ལྷན་ཅིག་བརྗོད་པ་ནི། རྒྱལ་བའི་བསྟན་ལ་ལྷག་པར་མོས་པ་དང་། །སོ་ཐར་སྡོམ་པའི་ནོར་མཆོག་ལྷན་ཅིག་ཐོབ། །བག་ཡོད་གཞལ་མེད་ཁང་དུ་འཇུག་པ་དང་། །ལྷན་ཅིག་ཐེག་ཆེན་དགེ་བའི་བཤེས་དང་མཇལ། །གསུམ་པ་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་ནི། འཁོར་བ་སྐྱོན་དུ་མཐོང་བའི་སྐྱོ་ཤས་དང་། །ཐར་པའི་ཡོན་ཏན་དྲན་པའི་དད་པ་དང་། །དེ་རྒྱུ་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཏེ། །གསུམ་པོ་འདི་དག་ལྷན་ཅིག་འཕེལ་བར་འགྱུར། །སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ནི། ཁོ་བོའི་འདྲེན་མཆོག་ཆོས་ཀྱི་གྲགས་པ་ཡི། །ཞལ་མཇལ་ཡོངས་ལ་ཆོས་ཀྱི་སྦྱིན་པ་སྩོལ། །དེ་དག་ཀུན་གྱི་ཡིད་ཀྱི་དབང་པོ་ནི། །ལྷག་མ་མེད་པར་ཅིག་ཅར་ཉིད་དུ་ཕྲོགས། །སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ནི། རང་དོན་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །གང་འདུལ་ཐབས་ལ་མཁས་པའི་ཆོ་འཕྲུལ་གྱིས། །ལེགས་ཉེས་ཤན་འབྱེད་མཐུ་དང་རྩལ་ལྡན་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་འགྲོ་འདི་སྲུངས། །སོ་བཞི་པ་རྒྱན་ཐ་དད་པ་བསྲེས་པ་རབ་སྤེལ་གྱི་རྒྱན་ལ་གཉིས་ལས། དང་པོ་སྒྲུབ་བྱེད་འབྲེལ་མཚུངས་ཀྱི་རབ་སྤེལ་ནི། པདྨ་གཞོན་ནུའི་དཔལ་འཕྲོག་དབྱངས་ཅན་ལྷའི། །ཞལ་རས་མ་བྲིས་མཚན་དཔེའི་ཡིད་རིས་རྫོགས། །ཕྱག་སོར་རྒྱུད་མངས་འཁྲོལ་བའི་སྒྲ་དབྱངས་ཀྱིས། །དྲི་ཟའི་ན་ཆུང་འབུམ་གྱི་ཁེངས་པ་བསྙིལ། །གཉིས་པ་སྟོབས་མཚུངས་རབ་སྤེལ་ནི། རིང་ནས་མཁས་པའི་ཐུགས་མཚོ་བསྲུབས་པའི་སྐྱེས། །སྙིང་པོ་དོན་གྱི་དབྱིག་ནོར་ཐོབ་པ་འདི། །སྒྲུབ་བསྟན་རྒྱལ་མཚན་རྩེ་མོར་མཆོད་བྱེད་པས། །ཆོས་འབྱོར་དབུལ་བའི་གདུང་བ་ཞི་གྱུར་ཅིག །སོ་ལྔ་པ་དགོངས་པ་ཅན་ནི། སྙན་ངག་མཁན་གྱི་བློ་རབ་འབྲིང་ཐ་མའི་དབང་གིས་ཉམས་ཀྱི་ཁྱད་པར་ཅི་རིགས་པ་བྱུང་བའི་དོན་གྱིས་དགོངས་པ་ཅན་ཞེས་བརྗོད་ཅིང་དཔེར་བརྗོད་ཉེ་ཚེ་བ་བསྟན་པ་མེད་དོ། །དེས་སྙན་ངག་ལེའུ་གཉིས་པའི་དོན་རྒྱན་སོ་ལྔའི་དཔེ་བརྗོད་ཡོངས་སུ་རྫོགས་པར་བསྟད་ཟིན་ཏོ། །ཞེས་པ་འདིའང་ཕ་སྡིངས་བྱམས་ཁང་བཤད་གྲྭའི་བློ་གསལ་འགའ་ལ་སྙན་ངག་ཁྲིད་སྐབས་ཞར་བྱུང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། ། །