རིག་འཛིན་གོང་མའི་གསུང་བྱིན་ཅན་ཁ་ཤས།

 ཚོགས་གླུ་རྡོ་རྗེའི་གསུང་བྱིན་ཅན་ཆ་ཚང་བཞུགས་སོ། །

ཨ་ཧོ༑ ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུ། །རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང་། །རྨ་བྱའི་ཟློས་གར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་། །གཞོན་པ་ང་ཚོ་ཐར་པའི་ལམ་སྣ་ཞིག་ཟིན་ཡོང་། །བསོད་ནམས་དཔྱིད་ཀྱི་རྒྱལ་མོའི་ཤིང་རྟ་ལ་ཕེབས་པའི། །ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུག་གི་གསུང་སྙན། །ཡ་གི་དྲི་ཟའི་བུ་མོའི་གླིང་བུ་ལས་སྙན་པ། །དབྱར་གསུམ་ནམ་ཟླ་བསོ་བའི་རྟེན་འབྲེལ་ལ་ཡག་བྱུང་། །འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་ཡི་སྤུན་གྲོགས། །ང་ཚོའི་བླ་མ་བཞུགས་པའི་ཆོས་རྭ་ལ་ཕེབས་དང་། །སྨིན་གྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱི་ངང་ནས། །ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཤིག་ཡོད་དོ། །དགོངས་བརྒྱུད་དག་པའི་བྱིན་རླབས་སྙིང་དབུས་སུ་བབས་པས། །སྐྱེ་མེད་རིག་སྟོང་རྗེན་པའི་གནས་ལུགས་དེ་མཐོང་བྱུང་། །རྟོག་ཚོགས་རང་སར་དག་པའི་སྣང་བ་འདི་དགའ་ཡོད། །རེ་དོགས་མཐའ་ལས་གྲོལ་བའི་སྐྱིད་གླུ་ཞིག་འཐེན་ནོ། །གཞི་དབྱིངས་སྤྲོས་པ་བྲལ་བའི་ཕ་ཕོག་ཞིག་ཐོབ་པས། །གཞི་སྣང་དག་པ་རབ་འབྱམས་དཀྱིལ་འཁོར་གྱི་འཁོར་ལོ། །སྣང་སེམས་རོ་གཅིག་འདྲེས་པའི་སྐལ་བཟང་གི་སྣང་ངོར། །འཁོར་འདས་བཟང་ངན་འབྱེད་པའི་སྤུ་རིས་ཀྱང་མ་དམིགས། །ཀ་དག་གཞི་ཀློང་ཡངས་སར་སྐྱིད་ཉལ་ཞིག་བྱས་པས། །སྣ་ཚོགས་གྲུབ་མཐའི་ཡིད་བྱེད་ན་བུན་བཞིན་དྭངས་སོང་། །ས་ཉོན་མུན་པ་རིག་སྟོང་ཡེ་ཤེས་ཀྱིས་བསལ་ཚེ། །འབད་མེད་གཞན་ཕན་ཕྲིན་ལས་ཕྱོགས་མེད་དུ་རྒྱས་སོང་། །གཉིས་འཛིན་འཁྲུལ་པ་ཞིག་པའི་རྣམ་འབྱོར་གྱི་སྣང་ངོར། །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ཐ་དད་དུ་མ་མཐོང་། །ཟུང་འཇུག་བླ་མ་མཆོག་གི་ངོ་བོ་རུ་རྟོགས་པས། །སྐྱེ་འཆི་འཁྲུལ་བའི་རྟོག་བརྟགས་སྒྱུ་མ་རུ་ཤར་སོང་། །བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནས། །ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཐོང་བྱུང་། །མ་དང་མཁའ་འགྲོའི་སྙིང་ཐིག་འོད་གསལ་གྱི་ཐེག་པས། །འཇའ་ལུས་ཆོས་སྐུར་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ། ། ཚོགས་གླུ་བྱིན་ཅན་འདི་ནི་རིག་འཛིན་གྱི་རྒྱལ་པོ་འཇིགས་མེད་གླིང་པས་མདའ་དཔོན་གཡུ་ཐོག་པ་དཔའ་བོའི་དབང་ཕྱུག་གི་ངོར་མཛད་པའོ། །

༈ ཨ་ཧོ༑ ཐུགས་རྗེ་ཕྱོགས་རེས་མེད་པ་དྲིན་ཅན་གྱི་བླ་མ། །ལས་ངན་ཟད་མཐའ་མེད་པ་འཁོར་བ་ཡི་སེམས་ཅན། །རྟེན་འབྲེལ་བསླུ་བ་མེད་པ་འདུས་བྱས་ཀྱི་རྒྱུ་འབྲས། །བསམ་བཞིན་དགའ་སྐྱོ་འདྲེས་མ་འཁོར་འདས་ཀྱི་སྣང་ཚུལ། །ཡེ་ནས་སྤྲོས་དང་བྲལ་བ་དོན་དམ་གྱི་གཤིས་ལུགས། །སྣ་ཚོགས་ཅིར་ཡང་འཆར་བ་ཐ་སྙད་ཀྱི་སྣང་བ། །ཟུང་འཇུག་བློ་ལས་འདས་གཉུག་མ་ཡི་ཤེས་པ། །སྲིད་ཞིའི་འཆིང་བ་ལས་གྲོལ་ཐེག་རྩེ་ཡི་རྣལ་འབྱོར། །བོད་ལ་བཀའ་དྲིན་ཆེ་བ་སྔོན་བྱོན་གྱི་ལོ་པན། །ནམ་ཡང་བསླུ་མེད་སྐྱོབ་པ་འཕགས་ཡུལ་གྱི་ལེགས་བཤད། །གདམས་ངག་སངས་རྒྱས་ལག་བཅང་པད་མ་ཡི་ཟབ་གཏེར། །བཤད་སྒྲུབ་ཟུང་དུ་འབྲེལ་བ་ཀློང་ཆེན་གྱི་བུ་བརྒྱུད། །ཉམས་རྟོགས་ནང་ནས་ཤར་བ་རི་སུལ་གྱི་བྱ་བྲལ། །འཕོ་མེད་བདེ་ཆེན་རྒྱས་པ་སྔགས་འཆང་གི་རྣལ་འབྱོར། །རང་འདོད་འཁྲི་བ་ཟད་པ་བྱང་ཆུབ་ཀྱི་སྤྱོད་མཆོག །འཁྲུལ་སྣང་ཀ་ནས་དག་པ་ཆོས་ཟད་ཀྱི་རིག་པ། །ཚོགས་ཆེན་ཡེ་ནས་རྫོགས་པ་རང་བྱུང་གི་ཡེ་ཤེས། །བློ་འདས་སྨྲ་བསམ་བརྗོད་མེད་ལྷན་སྐྱེས་ཀྱི་བདེ་ཆེན། །མཉམ་རྗེས་རེས་འཇོག་མེད་པ་རང་གནས་ཀྱི་བསམ་གཏན། །གང་ཤར་རང་ངོར་མཉམ་པ་ཁྱབ་བརྡལ་གྱི་དྲན་པ། །འོན་ཀྱང་ཀུན་མཁྱེན་བླ་མའི་མན་ངག་དང་བསྟུན་ན། །བྱིས་སྤྱོད་དང་པོའི་ལས་ཅན་བདག་ཅག་གི་རྟོགས་པ། །གོ་ཡུལ་རྒྱས་འདེབས་ཉམས་ཀྱི་ཤུན་པ་ལས་མ་འདས། །བརྒྱུད་གསུམ་བླ་མས་དོན་བརྒྱུད་བྱིན་རླབས་ཤིག་གནང་ཤོག །  ། །ཅེས་དགའ་སྐྱོ་འདྲེས་མར་གྱུར་པའི་ངང་ནས་གཞན་ཕན་སྣང་བས་བྲིས་པའོ། །

ཚོགས་གླུ་འོད་གསལ་སྤྲོས་བྲལ་མ།

༄༅།    །ཨ་ཧོ། འོད་གསལ་སྤྲོས་དང་བྲལ་བ་ཡེ་ཤེས་ཀྱི་རིས་མོ། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཟུང་འཇུག་གི་བཀོད་པ། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་ཀྱི་རྡོ་རྗེས། །སྤྱིར་སྣང་ཆོས་སྐུར་རྟོགས་པའི་བྱིན་ཆེན་ཞིག་ཕོབ་ཅིག ། ཕྱི་རོལ་གནས་ཡུལ་དུར་ཁྲོད་ལྷན་སྐྱེས་ཀྱི་འདུ་བ། །ནང་དུ་རང་བྱུང་རྡོ་རྗེ་ལུས་དཀྱིལ་གྱི་ལྷ་ཚོགས། །ཟག་མེད་བདེ་ཆེན་རྡོ་རྗེའི་ལང་འཚོ་ཡིས་མྱོས་པས། །མི་ཤིགས་ནཱ་དའི་དབྱངས་ཀྱི་ཟློས་གར་ཞིག་བསྒྱུར་མཛོད། །འདིར་འདུས་ལས་སྨོན་མཐུན་པའི་མཆེད་ལྕམ་གྱི་ཚོགས་རྣམས། །བདེ་ཆེན་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ་རོལ་ཞིག །འོག་མིན་པདྨ་འོད་ཀྱི་ཕོ་བྲང་གི་གྲོང་དེར། །ཚོམ་བུ་གཅིག་ཏུ་འགྲོགས་པའི་སྨོན་ལམ་ཞིག་ཞུའོ། ། ཚོགས་གླུ་འདི་སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའམ་པོ་ལོ་མཁན་རིན་པོ་ཆེ་ཡང་ན་དིལ་མགོ་མཁྱེན་བརྩེ་གང་རུང་གི་གསུང་ཡིན་ངེས། བླ་མ་སུས་རྩོམ་དང་དཔེ་ཆ་གང་ནས་བྱུང་བ་མི་གསལ། ངས་སྒྲ་ཆས་ནས་བཤུས་ཏེ་དྲ་རྒྱར་སྤེལ་བའོ། །

ཚོགས་གླུ་འོད་གསལ་གཉུག་མའི་གཤིས་ལུགས།

༈ ཨ་ཧོ༑ གདོད་ནས་མི་འགྱུར་འོད་གསལ་གཉུག་མ་ཡི་གཤིས་ལུགས། །སྤྲོས་པ་ཀུན་བྲལ་ཟུང་འཇུག་བདེ་ཆེན་གྱི་ཉམས་འགྱུར། །ལྷན་སྐྱེས་རྡོ་རྗེ་བཙུན་མོ་གསང་མཆོག་གི་དགའ་མ། །ཅིར་སྣང་ཆོས་སྐུར་འཆར་བའི་སྐྱོ་གྲོགས་ལ་ཕེབས་དང་། །ཆོས་ཉིད་གཞིར་རྫོགས་ངོ་བོ་ཀ་དག་གི་ཞིང་ན། །ཐིག་ལེ་ཉག་ཅིག་ཡེ་ཤེས་གཅིག་ལུགས་ཀྱི་དགོངས་པར། །ལྟ་བ་ཕྱོགས་ལྷུང་བྲལ་བའི་ཚོགས་འཁོར་ཞིག་བསྐོར་ཡོད། །རིག་སྟོང་ཆོས་སྐུའི་མཁའ་འགྲོ་དགའ་སྟོན་ལ་རོལ་ཤོག །འོད་གསལ་འཁོར་ཡུག་རང་བཞིན་ལྷུན་གྲུབ་ཀྱི་ཞིང་ན། །མ་བཅོས་སེམས་ལས་འདས་པ་ཡེ་ཤེས་ཀྱི་རང་བབ། །སྒོམ་པ་དམིགས་གཏད་བྲལ་བའི་ཚོགས་འཁོར་ཞིག་བསྐོར་ཡོད། །གསལ་སྟོང་ལོངས་སྐུའི་མཁའ་འགྲོ་དགའ་སྟོན་ལ་རོལ་ཤོག །ཡེ་ཤེས་ལྷུན་འབྱམས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཞིང་ན། །གཏང་བཞག་འགྲོ་འོང་ལས་འདས་གཡེལ་མེད་ཀྱི་བརྟུལ་ཞུགས། །སྤྱོད་པ་སྤང་བླངས་བྲལ་བའི་ཚོགས་འཁོར་ཞིག་བསྐོར་ཡོད། །སྣང་སྟོང་སྤྲུལ་སྐུའི་མཁའ་འགྲོ་དགའ་སྟོན་ལ་རོལ་ཤོག །སྒྲོན་དྲུག་དྭངས་མར་མཆིས་པའི་འཇའ་མཚོན་གྱི་སྦུབས་ན། །རིག་མདངས་མ་འགག་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུར། །འོད་གསལ་སྣང་བ་བཞི་ཡི་ཚོགས་འཁོར་ཞིག་བསྐོར་ཡོད། །མཆོད་རྫས་བློ་ལས་འདས་པའི་དགའ་སྟོན་ལ་རོལ་ཤོག །གྲིབ་སེལ་ཐིག་ལེ་ཆེན་པོར་གྲ་ཟུར་ནི་མིན་འདུག །རང་བྱུང་སྒྲོན་མ་རྣམ་བཞིར་གསལ་སྒྲིབ་ནི་མི་འདའ། །ཅིར་སྣང་ཡེ་ཤེས་འཁོར་ལོར་རྩོལ་སྒྲུབ་ཀྱིས་ཅི་བྱས། །ད་ནི་གཉུག་མའི་གཞེད་པ་ཁ་ཡན་དུ་ཀློད་གཏོང་། །གཉིས་འཛིན་འཁྲུལ་པའི་སྣང་བ་སྐྱེས་མེད་དུ་གྲོལ་བས། །འཁོར་འདས་མཉམ་བརྡལ་མ་རྗེས་རང་བྱུང་གི་སངས་རྒྱས། །གདོད་མའི་མགོན་པོའི་རྒྱལ་ས་རང་མལ་ནས་བརྙེས་དེས། །གུ་ཡངས་བློ་བདེའི་ཉི་མ་སྙིང་དབུས་ནས་ཤར་བྱུང་། །ང་ཚོ་ཀུན་བཟང་པདྨའི་བུ་བརྒྱུད་ཅིག་ཡིན་ན། །ངེས་གསང་ཐེག་པ་མཆོག་གི་རྒྱུན་ལམ་གྱི་ཆོག་ཕྱིར། །འཕོ་ཆེན་མཇའ་ལུས་རྡོ་རྗེ་དེ་ཀ་ལ་བསྟེན་ནས། །ཁམས་སུམ་འཁོར་བ་དོང་དཀྲུག་འགྲོ་དོན་ལ་མཆེད་འགྲོ། །འདིར་འདུས་སྐལ་བ་ལྡན་པའི་རྡོ་རྗེའི་མཆེད་ལྕམ། །ཐེ་ཚོམ་སོམ་ཉིས་མེད་པའི་འབྲལ་མེད་ཀྱི་ལྷན་སྦྱོར། །གཙང་རྨེའི་འཛིན་རྟོག་བྲལ་བའི་བརྟུལ་ཞུགས་ཀྱིས་སྤྱོད་པས། །བདེ་ཆེན་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་རོལ་དང་། །བསམ་གྱི་མི་ཁྱབ་ཆོས་ཉིད་ཟབ་མོ་ཡི་བདེན་མཐུས། །འོག་མིན་མཁའ་ལ་སྤྱོད་པའི་གྲོང་ཁྱེར་གྱི་འདུ་བར། །ཟག་མེད་བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་ཀྱི་དཔལ་ལ། །ཚོམ་བུ་གཅིག་ཏུ་སྤྱོད་པའི་སྨོན་ལམ་ཞིག་ཞུ་ཡོད། ། ཚོགས་གླུ་འདིའི་སྙན་འཇེབས་དང་དོན་ཟབ་ལ་དཔྱད་ན་འཇིགས་བྲལ་ཡེ་རྡོའི་གསུང་ཡིན་པར་མོས། འོན་ཀྱང་གྲུབ་དབང་གཞན་གིས་མཛད་པའང་ཡིན་སྲིད། ཕྱིས་སུ་རྩད་གཅོད་རྒྱུའོ། ཡིད་ལ་ཤིན་ཏུ་འཐད་པོ་བྱུང་ཡང་དྲྭ་རྒྱ་དང་དཔེ་ཆ་སོགས་སུ་མཇལ་དུ་མ་བྱུང་བས། ངས་སྒྲ་ཆས་ནས་བཤུས་ཏེ་སྤེལ་བའོ། །

བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་གཉུག་མའི་ཐོལ་གླུ་ཞེས་བྱ་བ། །
༈ ངོ་བོ་གདོད་ནས་མི་འགྱུར་སྤྲོས་བྲལ་གྱི་གཤིས་ལུགས། །ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུ་རུ་བཞུགས་པ། །ཆོས་སྐུའི་བླ་མ་ཡེ་ཤེས་རྡོ་རྗེ་དེ་མཁྱེན་ནོ། །ལྟ་བའི་གདིང་ཆེན་ཐོབ་པར་བྱིན་གྱིས་རང་རློབས་ཤིག །རང་བཞིན་མ་འགགས་ཟུང་འཇུག་འོད་གསལ་གྱི་ཚོམ་བུ། །ལྷུན་གྲུབ་ངེས་པ་ལྔ་ལྡན་རོལ་པ་རུ་བཞུགས་པ། །ལོངས་སྐུའི་བླ་མ་བདེ་ཆེན་རྡོ་རྗེ་དེ་མཁྱེན་ནོ། །སྒོམ་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རང་རློབས་ཤིག །ཐུགས་རྗེ་ཕྱོགས་ལྷུང་བྲལ་བ་མཐའ་གྲོལ་གྱི་ཡེ་ཤེས། །ཀུན་ཁྱབ་རིག་སྟོང་རྗེན་པའི་ངོ་བོ་རུ་བཞུགས་པ། །སྤྲུལ་སྐུའི་བླ་མ་འགྲོ་འདུལ་གླིང་པ་དེ་མཁྱེན་ནོ། །སྤྱོད་པའི་བོགས་ཆེན་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །རང་རིག་གདོད་མའི་གཞི་ལ་འཕོ་འགྱུར་ནི་མི་འདུག །གང་ཤར་ཆོས་སྐུའི་རྩལ་ལ་བཟང་ངན་ནི་མི་གདའ། །ད་ལྟའི་ཤེས་པ་སངས་རྒྱས་མངོན་སུམ་དུ་འདུག་པས། །གུ་ཡངས་བློ་བདེའི་བླ་མ་སྙིང་དབུས་ནས་རྙེད་བྱུང༌། །གཉུག་མའི་སེམས་འདི་བླ་མའི་རང་བཞིན་དུ་རྟོགས་ཚེ། །འཛིན་ཞེན་གསོལ་འདེབས་བཅོས་མའི་སྡུག་ཡུས་ནི་མ་དགོས། །མ་བཅོས་རིག་པ་རང་བབ་ཁ་ཡན་དུ་ཀློད་པས། །གཏད་མེད་གང་ཤར་རང་གྲོལ་བྱིན་རླབས་དེ་ཐོབ་བྱུང༌། །བྱས་པའི་ཆོས་ཀྱིས་སངས་རྒྱས་འགྲུབ་དུས་ནི་མི་གདའ། །ཡིད་དཔྱོད་བློས་བྱས་སྒོམ་འདི་བསླུ་བྱེད་ཀྱི་དགྲ་རེད། །ད་ནི་འཛིན་སྟངས་ཞིག་པའི་མདོ་མེད་ཀྱི་སྨྱོན་པ། །བྱུང་རྒྱལ་གཅེར་ཉལ་ངང་ལ་མི་ཚེ་འདི་སྐྱེལ་གཏོང༌། །གང་ལྟར་བྱས་ཀྱང་དགའ་བོ་རྫོགས་ཆེན་གྱི་རྣལ་འབྱོར། །སུ་དང་འགྲོགས་ཀྱང་སྐྱིད་དོ་པད་འབྱུང་གི་བུ་བརྒྱུད། །མགོན་ལ་འགྲན་ཟླ་མེད་དོ་དྲིན་ཆེན་གྱི་བླ་མ། །ཆོས་ལ་དོ་ཟླ་མེད་དོ་མཁའ་འགྲོ་ཡི་སྙིང་ཐིག །རྨོངས་ཆེན་སྙིང་གི་མུན་པ་རང་མལ་དུ་སངས་ནས། །འོད་གསལ་ཉི་མ་འགྲིབ་མེད་འཁོར་ཡུག་ཏུ་འཆར་བའི། །སྐལ་བཟང་འདི་ཀོ་ཕ་གཅིག་བླ་མ་ཡི་སྐུ་དྲིན། །དྲིན་ལན་འཁོར་མཐའ་མེད་དོ་བླ་མ་རང་དྲན་ནོ། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཆོལ་གཏམ་དུ་སྨྲས་པ་དགེ །སརྦ་དཱ་ཀ་ལ་ནཾ་བྷ་ཝན་ཏུ། །