ལུང་རྟོགས་ཆོས་ཀྱི་སྣང་བའི་གསུང་ཐོར་བུ།

ཨོ་རྒྱན་རྒྱང་འབོད་དད་པའི་ཕོ་ཉ་བཞུགས།
༄༅། ། བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། བླ་མ་ཨོ་རྒྱན་རིན་པོ་ཆེ་མཁྱེན་ནོ། །ངོ་བོ་ཀ་ནས་དག་པ་ཆོས་སྐུ་ཡི་ཀློང་ནས། །རང་བཞིན་ལྷུན་གྲུབ་ལོངས་སྐུའི་རོལ་པ་རུ་བཞེངས་ཏེ། །ཐུགས་རྗེས་འགྲོ་བ་འདྲེན་པ་འཛམ་གླིང་གི་སྤྲུལ་སྐུ། །སྐུ་བཞིའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ་མཁྱེན་ནོ། །བྱིན་རླབས་ཐུགས་རྗེའི་གཏེར་མཛད་དཔལ་ལྡན་གྱི་བླ་མ། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡི་དམ་གྱི་རང་བཞིན། །ཕྲིན་ལས་ཅི་འདོད་སྩོལ་བ་མཁའ་འགྲོ་ཡི་གཙོ་བོ། །རྩ་གསུམ་ཀུན་འདུས་ཨོ་རྒྱན་བླ་མ་དེ་མཁྱེན་ནོ། །ཐུགས་དགོངས་ཟག་མེད་བདེ་ཆེན་སངས་རྒྱས་ཀྱི་བདག་ཉིད། །གསུངས་སྙན་ཚངས་པའི་སྒྲ་དབྱངས་དམ་ཆོས་ཀྱི་རང་བཞིན། །སྐུ་མཆོག་མཚན་དཔེའི་དཔལ་འབར་དགེ་འདུན་གྱི་ངོ་བོ། །དཀོན་མཆོག་སྤྱི་འདུས་ཨོ་རྒྱན་བླ་མ་དེ་མཁྱེན་ནོ། །མ་རིག་མུན་པ་སེལ་བའི་འཇིག་རྟེན་གྱི་སྒྲོན་མེ། །དགོས་འདོད་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ། །ཉོན་མོངས་ནད་རིགས་འཇོམས་པའི་ཡེ་ཤེས་ཀྱི་ལྷ་རྗེ། །ཆིག་ཆོག་རྒྱལ་པོ་ཨོ་རྒྱན་བླ་མ་དེ་མཁྱེན་ནོ། །ཐུབ་དབང་རྩ་མཆོག་གྲོང་ནས་གཤེགས་པའི་ཡི་མོད་ལ། །གསང་སྔགས་བསྟན་པའི་བདག་པོར་ཞལ་བཞེས་ཀྱི་ལུང་བསྟན། །འཁྲུལ་མེད་བྱོན་ལ་ཁྱད་ཆོས་བདུན་ལྡན་གྱིས་འཕགས་པའི། །སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་མཁྱེན་ནོ། །བསྐལ་བཟང་སངས་རྒྱས་སྟོང་དང་སྤངས་རྟོགས་ནི་མཉམ་ཡང༌། །འབོད་འབངས་སྙིགས་མའི་འགྲོ་ལ་ཁྱོད་མཚུངས་ཀྱི་བཀའ་དྲིན། །ནམ་ཡང་འཁོར་ཐབས་མེད་དོ་བསམ་གྱིན་རང་དད་པས། །ཐུགས་རྗེ་མྱུར་དུ་གཟིགས་ཤིག་ཨོ་རྒྱན་གྱི་བླ་མ། །སངས་རྒྱས་ཀུན་ལས་ལྷག་པའི་ངེས་ཤེས་ཤིག་རྙེད་པས། །བདག་གི་བློ་གཏད་རེ་ས་གཞན་ན་ནི་མི་འདུག །སྙིང་དབུས་དད་པའི་ཆུ་སྐྱེས་བཞེད་པ་ཡི་དཀྱིལ་དུ། །འབྲལ་མེད་རྟག་པར་བཞུགས་ལ་བྱིན་གྱིས་རང་རློབས་ཤིག །བདག་ནི་མི་ཤེས་རྨོངས་པའི་གཞན་དབང་དུ་སོང་བས། །ཕྱི་ནས་ངུར་སྨྲིག་གོས་ཀྱི་རང་ལུས་ལ་བརྒྱན་ཀྱང༌། །ནང་དུ་རང་སེམས་དམ་པའི་ལྷ་ཆོས་དང་མ་འདྲེས། །མི་ཚེ་དོན་མེད་བྱ་བས་བསླུས་པ་ཡི་བློ་ངན། །དལ་འབྱོར་སྟོང་ཟད་བདག་ལ་ཐུགས་རྗེ་ཡིས་གཟིགས་ཤིག །ལུས་ཀྱི་བྱས་དང་བྱེད་ཚད་ལས་ངན་གྱི་སྡིག་པ། །ངག་གི་སྨྲ་དང་བརྗོད་ཚང་ཆགས་སྡང་གི་གླེང་མོ། །ཡིད་ལ་མནོ་དང་དྲན་ཚད་ཉོན་མོངས་ཀྱི་རང་བཞིན། །སྡིག་ཅན་བདག་ལ་ཐུགས་རྗེའི་སྤྱན་རས་ཀྱིས་གཟིགས་ཤིག །ཕྱི་རུ་སོ་སོར་ཐར་པའི་སྡོམ་པ་དང་འགལ་ཞིང༌། །ནང་དུ་བྱང་ཆུབ་སེམས་དཔའི་བསླབ་པ་ནི་ཉམས་ཤིང༌། །གསང་བ་སྔགས་ཀྱི་སྡོམ་པ་བག་མེད་དུ་འཆལ་བའི། །དམ་ཚིག་ཉམས་ཆག་བདག་ལ་ཐུགས་རྗེ་རང་གཟིགས་ཤིག །སྔར་ཡང་འཁོར་བའི་སྡུག་བསྔལ་དཔག་མེད་དུ་མྱོང་ཡང༌། །ད་དུང་མི་འཇིགས་ལས་ལ་བརྩི་མེད་དུ་ཤོར་བའི། །དམུ་རྒོད་བདག་གི་འགྲོ་ས་ངན་སོང་ལས་མི་འདུག །ད་ལྟ་ཉིད་དུ་སྐྱོབས་པའི་ཐུགས་རྗེ་ནི་མ་ཆུང༌། །ཕ་རྗེས་ཁྱོད་ཀྱིས་མ་སྐྱོབས་སྐྱབས་གཞན་ནི་སུ་འདུག །བདག་ལ་མགོན་དང་རེ་ས་ཁྱོད་ཉིད་ལས་མེད་ན། །རེ་བའི་བུ་ལ་མ་བརྩེ་བཏང་སྙོམས་སུ་ཕོད་དམ། །གདུང་བའི་སྨྲེ་ངག་ཤོར་ལ་གཡེལ་མེད་དུ་གཟིགས་ཤིག །བསམ་རྒྱུ་རྣམ་པར་དག་པའི་ལྷ་ཆོས་ཤིག་སེམས་ཀྱང༌། །ལས་དབང་ལྡོག་ཏུ་མེད་པའི་བར་ཆད་ཀྱིས་ཟིན་ཏེ། །ལམ་དམན་གཡང་ལ་འཁྱོར་བའི་ལས་ངན་ཅན་བདག་ཉིད། །ཡང་དག་ལམ་ལ་འགོད་པའི་ས་མཁན་ཅིག་མཛོད་དང༌། །རིང་མིན་སྟན་ཐོག་འདི་རུ་བློ་ཆོས་སུ་གྱུར་ནས། །འཇིག་རྟེན་ཆོས་བརྒྱད་སྣང་བ་སྐད་ཅིག་ཀྱང་མེད་པར། །ཚེ་འདིར་བློས་ཐོངས་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད། །མྱུར་དུ་རྒྱུད་ལ་སྐྱེ་བའི་བྱིན་རླབས་ཤིག་སྩོལ་ཅིག །དམ་ཚིག་སྡོམ་པ་འཁྲུལ་མེད་རིམ་གཉིས་ཀྱི་ལམ་ལ། །ཚེ་དང་སྒྲུབ་པ་མཐར་ཕྱིན་འཆི་མེད་ཀྱི་གོ་འཕངས། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཚེ་འདི་རུ་ཐོབ་པའི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ལྷག་པར་ནམ་ཞིག་ཚེ་ཡི་འཕེན་པ་འདི་ཟད་ཚེ། །གནད་གཅོད་མེད་པར་བེམ་རིག་བྲལ་བ་ཡི་མོད་ལ། །བུ་གཅིག་ཟངས་མདོག་དཔལ་གྱི་རི་བོ་ལ་འགྲོ་ཞེས། །མངོན་སུམ་ལག་ནས་བཟུང་སྟེ་ཁྲིད་པ་ཞིག་མཛོད་ཅིག །མདོར་ན་གང་གི་བྱིན་རླབས་སྙིང་དབུས་སུ་ཞུགས་ཏེ། །རྟོག་བྲལ་རིག་སྟོང་རྗེན་པའི་རང་ངོ་འདི་འཕྲོད་དེ། །སྣང་བཞིའི་ལམ་ལས་འབྲས་བུའི་བཙན་ས་རུ་ཟིན་པའི། །ལས་དང་སྐལ་པ་བཟང་པོའི་དངོས་གྲུབ་ཅིག་ཞུའོ།། །།ཞེས་པ་འདི་ནི་ཨོ་རྒྱན་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་འཆང་བའི་རང་སློབ་སངས་རྒྱས་རྡོ་རྗེ་ནས་ནན་བསྐུལ་ཆེན་པོའི་ངོར་ཤཱཀྱའི་བཙུན་པ་དགེ་འདུན་རིན་ཆེན་པས་གཡར་ཁྲལ་ཙམ་དུ་བྲིས་པའོ།། 

ཨོ་རྒྱན་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས་བཞུགས་སོ། 
༈ དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །ཐེག་གསུམ་དམ་ཆོས་ཀྱི་འབྱུང་གནས། །འཕགས་ཚོགས་དགེ་འདུན་གྱི་མངའ་བདག །མཚུངས་མེད་བླ་མ་དེ་མཁྱེན་ནོ། །ཚེ་སྣང་མཐའ་ཡས་ཀྱི་ཐུགས་རྗེ། །སིནྡྷཱུ་རྒྱ་མཚོ་རུ་ཞུགས་པས། །སྐྱོན་བྲལ་རང་བྱུང་གི་སྤྲུལ་སྐུ། །པདྨ་འབྱུང་གནས་དེ་མཁྱེན་ནོ། །ཆུ་སྐྱེས་པད་སྡོང་ལས་འཁྲུངས་ཤིང༌། །རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ནས། །འཇིགས་རུང་དུར་ཁྲོད་དུ་གཤེགས་པའི། །མཁའ་འགྲོའི་ཚོགས་དཔོན་དེ་མཁྱེན་ནོ། །རྒྱལ་དབང་བུ་རམ་གྱི་ཤིང་པས། །གསང་སྔགས་བསྟན་པའི་བདག་པོར། །ལུང་བསྟན་འཁྲུལ་མེད་དུ་བྱོན་པའི། །སངས་རྒྱས་གཉིས་པ་དེ་མཁྱེན་ནོ། །གངས་ཅན་མུན་པ་ཡི་ཁྲོད་དུ། །ཡོངས་རྫོགས་བསྟན་པའི་ཡི་སྒྲོན་མེ། །སྣང་བའི་བཀའ་དྲིན་དུ་མཛད་པའི། །ཨོ་རྒྱན་མཁན་པོ་དེ་མཁྱེན་ནོ། །ཡང་དབེན་མཆིམས་ཕུ་ཡི་གནས་སུ། །སྐལ་ལྡན་ཉེར་ལྔ་ཡི་ཚོགས་ལ། །སྨིན་གྲོལ་ལམ་སྲོལ་དུ་འབྱེད་པའི། །འདྲེན་མཆོག་བླ་མ་དེ་མཁྱེན་ནོ། །མ་འོངས་གདུལ་བྱ་ལ་དགོངས་ནས། །དབེན་གནས་བྲག་རྫོང་གི་གནས་ན། །ཆོས་ནོར་ཟབ་གཏེར་གྱིས་བཀང་བའི། །དྲིན་ཅན་བླ་མ་དེ་མཁྱེན་ནོ། །ཚད་མེད་འཕྲིན་ལས་ཀྱིས་བསྐྱངས་མཐར། །གུང་ཐང་ལ་ཐོག་ཏུ་བྱོན་ནས། །གདམས་ངག་ཞལ་ཆེམས་སུ་འཇོག་སྟེ། །དགུང་སྔོན་གཤེགས་པ་དེ་མཁྱེན་ནོ། །ད་ལྟ་ལྷོ་ནུབ་ཀྱི་གླིང་དུ། །ཤ་ཟ་སྲིན་པོ་ཡི་ཚོགས་རྣམས། །འདུལ་བའི་ཁ་གནོན་དུ་བཞུགས་པའི། །རྔ་ཡབ་གླིང་པ་དེ་མཁྱེན་ནོ། །དུས་ངན་སྙིགས་མ་ཡི་ཡང་མཐར། །བོད་འབངས་སྡུག་པ་ཡི་དུས་སུ། །ཐུགས་རྗེ་ཉེ་བ་རུ་གཟིགས་པའི། །ཞལ་བཞེས་མཛད་པ་དེ་མཁྱེན་ནོ། །ཁྱེའུས་ཕ་མ་ལ་འབོད་འདྲའི། །གདུང་བའི་མཆི་མ་དང་བཅས་ཏེ། །སྙིང་ནས་གསོལ་འདེབས་ཀྱི་བུ་ལ། །ཐུགས་རྗེ་མྱུར་དུ་རང་གཟིགས་ཤིག །རྐྱེན་ངན་བར་ཆད་ཀྱི་དབང་དུ། །ནམ་ཡང་མི་གཏོང་བའི་མུ་ནས། །མཆོག་མཐུན་དངོས་གྲུབ་ཀྱི་ཆར་ཆེན། །སྟན་ཐོག་འདི་ཉིད་དུ་ཕོབ་ཅིག །མདོར་ན་རང་གཤིས་ལ་གནས་པའི། །མ་བཅོས་སེམས་ཉིད་ཀྱི་ངོ་བོ། །འཕོ་འགྱུར་སྤྲོས་པ་དང་བྲལ་བའི། །གནས་ལུགས་རྟོགས་པ་ཞིག་ཞུའོ།། །།ཞེས་པའང་དགེ་རིན་པས་སོ།། 

དཔལ་ལྡན་བླ་མ་དྲན་པའི་གདུང་དབྱངས་བཞུགས་སོ།
༈ ཕྱོགས་དུས་རྒྱལ་ཀུན་གྱི་སྤྱི་གཟུགས། །བཀའ་དྲིན་གསུམ་ལྡན་གྱི་བདག་ཉིད། །མཚན་མཆོག་བརྗོད་པ་རུ་དཀའ་བ། །འོག་མིན་སྟོན་པ་ཡི་རྒྱལ་ཚབ། །རྩ་བའི་བླ་མ་དེ་མཁྱེན་ནོ། །སྙིང་ནས་གསོལ་འདེབས་ཀྱི་བུ་ལ། །བརྩེ་ཆེན་ཐུགས་རྗེ་ཡི་སྤྱན་གྱིས། །རྣམ་ཀུན་སྒྲིབ་མེད་དུ་གཟིགས་ཤིག། །།ཞེས་པ་འདིའང་དབང་དྲག་དང་སངས་རྒྱས་རྡོ་རྗེའི་ངོར་དགེ་རིན་པས་སོ།། 

བླ་མ་རྒྱང་འབོད་མོས་གུས་ལམ་ཆེན་བཞུགས་སོ། 
ཧོཿ མགོན་བླ་མ་ཀུན་བཟང་ཡབ་ཡུམ་དེ་མཁྱེན་ནོ། །གནས་ཀ་དག་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ཤིག །གཞི་ནང་གསལ་གཞོན་ནུ་བུམ་སྐུ་ཡི་དབྱིངས་སུ། །དུས་ད་ལྟར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །མགོན་འཇའ་ལུས་སྐུ་བརྙེས་བི་མ་ལ་མཁྱེན་ནོ། །གནས་འཕོ་ཆེན་ཀློང་ནས་བྱིན་གྱིས་རང་རློབས་ཤིག །ལུས་གདོས་བཅས་ཕུང་པོ་ཟག་མེད་ཀྱི་འོད་སྐུར། །དུས་ད་ལྟར་གྲུབ་པར་བྱིན་གྱིས་རང་རློབས་ཤིག །མགོན་འཆི་མེད་པདྨ་འབྱུང་གནས་དེ་མཁྱེན་ནོ། །གནས་རྔ་ཡབ་གླིང་ནས་བྱིན་གྱིས་རང་རློབས་ཤིག །མཆོག་ཐུན་མོང་དངོས་གྲུབ་གང་འདོད་ཀྱི་འབྲས་བུ། །དུས་ད་ལྟར་ཐོབ་པར་བྱིན་གྱིས་རང་རློབས་ཤིག །མགོན་སྙིང་པོའི་ཤིང་རྟ་ཀློང་ཆེན་དེ་མཁྱེན་ནོ། །གནས་ཟུང་འཇུག་དབྱིངས་ནས་བྱིན་གྱིས་རང་རློབས་ཤིག །ལམ་ཁྲེགས་ཆོད་ཐོད་རྒལ་རྣམ་གཉིས་ཀྱི་རང་རྩལ། །དུས་ད་ལྟར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །མགོན་འགྲན་མེད་འཇིགས་བྲལ་གླིང་པ་དེ་མཁྱེན་ནོ། །གནས་མཐའ་བྲལ་ཀློང་ནས་བྱིན་གྱིས་རང་རློབས་ཤིག །ཆོས་འོད་གསལ་རྡོ་རྗེ་སྙིང་པོ་ཡི་གནས་ལུགས། །དུས་ད་ལྟར་རྟོགས་པར་བྱིན་གྱིས་རང་རློབས་ཤིག །མགོན་མཚུངས་མེད་རྩ་བའི་བླ་མ་དེ་མཁྱེན་ནོ། །གནས་བདེ་ཆེན་དབྱིངས་ནས་བྱིན་གྱིས་རང་རློབས་ཤིག །ཐུགས་དགོངས་པའི་བྱིན་རླབས་སྐལ་ལྡན་གྱི་སྙིང་ལ། །དུས་ད་ལྟར་འཕོ་བ་བྱིན་གྱིས་རང་རློབས་ཤིག །ཀྱེ་མ། བདག་ཐོག་མ་མེད་ནས་ད་ལྟ་ཡི་བར་དུ། །ལས་བག་ཆགས་ངན་པའི་གཞན་དབང་དུ་སོང་ནས། །བློ་བག་མེད་འཁྲུལ་པའི་གཡེང་བ་འདི་ཁོ་ནས། །སྔར་བསླུས་ཤིང་ད་དུང་བསླུ་བར་རུ་ངེས་པས། །ད་ངན་གོམས་རྒྱུན་འདི་ཆོད་པ་ཞིག་མེད་ན། །དུས་ནམ་ཡང་འཁོར་ལས་ཐར་པ་ནི་དཀའ་བས། །ཕ་བླ་མའི་ཐུགས་རྗེའི་དཔྱངས་ཐག་ལ་བསྟེན་ནས། །བུ་འགྱུར་མེད་བཙན་ས་ཟིན་པ་རུ་མཛོད་ཅིག །བློ་བག་དང་ལྡན་པར་བྱིན་གྱིས་རང་རློབས་ཤིག །རྐྱེན་འཆི་བ་དྲན་པར་བྱིན་གྱིས་རང་རློབས་ཤིག །སྙིང་རྡོ་རུས་ནུས་པར་བྱིན་གྱིས་རང་རློབས་ཤིག །ཚེ་སྒྲུབ་ལ་བསྐྱལ་བར་བྱིན་གྱིས་རང་རློབས་ཤིག །ལམ་བར་ཆད་མེད་པར་བྱིན་གྱིས་རང་རློབས་ཤིག །མར་སྙིང་རྗེ་འཁྲུགས་པར་བྱིན་གྱིས་རང་རློབས་ཤིག །ཡར་མོས་གུས་འབར་བར་བྱིན་གྱིས་རང་རློབས་ཤིག །སྤྱིར་དག་སྣང་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །སྒོས་བླ་མར་འཆར་བར་བྱིན་གྱིས་རང་རློབས་ཤིག །གཞི་གནས་ལུགས་རྟོགས་པར་བྱིན་གྱིས་རང་རློབས་ཤིག །ལམ་ཡེངས་མེད་སྒོམ་པར་བྱིན་གྱིས་རང་རློབས་ཤིག །ཕྱིར་ཚུལ་འཆོས་ཞིག་པར་བྱིན་གྱིས་རང་རློབས་ཤིག །ནང་མཉམ་རྗེས་འདྲེས་པར་བྱིན་གྱིས་རང་རློབས་ཤིག །ལུས་ཟག་པ་ཟད་པར་བྱིན་གྱིས་རང་རློབས་ཤིག །ངག་ཆོས་གཏེར་བརྡོལ་བར་བྱིན་གྱིས་རང་རློབས་ཤིག །ཡིད་ཆོས་སྐུར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །ལམ་འདི་ཡིས་གྲོལ་བར་བྱིན་གྱིས་རང་རློབས་ཤིག །ཚེ་འདི་ལ་གྲོལ་བར་བྱིན་གྱིས་རང་རློབས་ཤིག །སྟན་འདི་རུ་གྲོལ་བར་བྱིན་གྱིས་རང་རློབས་ཤིག །དུས་ད་ལྟར་གྲོལ་བར་བྱིན་གྱིས་རང་རློབས་ཤིག། །།ཅེས་པ་འདིའང་གསང་ཆེན་འགྱུར་མེད་ཀུན་དགའ་ཆོས་གླིང་གི་ཕྱག་མཛོད་ཉིད་འོད་དགའ་འཁྱིལ་དུ། ལོ་གསུམ་གྱི་དམ་བཅའ་བགྱིས་ཏེ་སྙིང་པོའི་སྒྲུབ་པ་ལ་གཞོལ་སྐབས་དགེ་རིན་པས་རང་གི་ངག་འདོན་གྱི་ཆེད་དུ་གང་དྲན་ཤར་མར་བྲིས་པ་དགེའོ།། །།

༄༅། །གྲོས་འདེབས་སྙིང་གི་ཐུར་མ་བཞུགས་སོ། །

༄༅། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །རབ་ཏུ་གུས་པའི་ཕྱག་གིས་བཏུད་ནས་ནི། །སྙིང་གི་གྲོགས་ལ་རྒྱལ་བའི་ལུང་ཉིད་དང༌། །མཐུན་པའི་གྲོས་འདེབས་ཅུང་ཟད་བཤད་ཀྱིས་གསོན། །བསྟན་པའི་སྙིང་པོ་ཚུལ་ཁྲིམས་རིན་ཆེན་འདི། །འཕྲལ་དང་ཡུན་གྱི་ཕན་བདེ་འབྱུང་བའི་རྒྱུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་པས་ན། །ཚུལ་ཁྲིམས་བསྲུང་ལ་བག་དང་ལྡན་པར་མཛོད། །བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་བསྩལ་ཏེ། །དེ་བས་ཁྱོད་ཀྱིས་བསྟན་པ་འཛིན་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་གྱིས། །བག་མེད་ཉེས་ཀུན་འབྱུང་བའི་གནས་གཅིག་པུ། །ཆང་ཞེས་བྱ་བ་ཧ་ལ་ནག་པོ་སྟེ། །དེ་ཡི་རྒྱུ་ནི་ལྷ་མིན་མངལ་ཁྲག་དང༌། །དུག་གི་ལྒང་བུ་འཐོར་ལས་གྲུབ་པ་ཡིན། །གཙང་དམེ་འཛིན་རྟོག་ཞིག་པའི་རྣལ་འབྱོར་པ། །དུག་ཀྱང་བདུད་རྩིར་བསྒྱུར་བའི་གསང་སྔགས་ཀྱི། །གནད་དང་ལྡན་པས་མ་གཏོགས་གང་རུང་གིས། །བཏུང་དུ་རུང་བར་གསང་སྔགས་ལས་མ་བཤད། །བཤད་དོ་སྙམ་ན་ལུང་ནི་སྡོམ་བྱུང་ལས། །སྔགས་པ་གང་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་སྔགས་ཀྱི་དངོས་གྲུབ་མི་འབྱུང་སྟེ། །རྣལ་འབྱོར་མ་རྣམས་ཤིན་ཏུ་ཁྲོས་ནས་ནི། །དེ་ལ་ནད་དང་མྱ་ངན་འཇིགས་པར་བྱེད། །ཅེས་གསུངས་དམ་ལྡན་སྔགས་ཀྱི་རྣལ་འབྱོར་པ། །སེངྒེའི་སྤྱོད་པ་ལ་ནི་ངེད་རང་ཚོ། །ཁྱི་ཡིས་འགྲན་པར་བྱེད་ན་རང་ཤིར་འགྱུར། །བསྟན་པའི་རྩ་བ་དམ་ཆོས་འདུལ་བ་ལས། །རྩ་རྩེའི་ཟིལ་པ་ཙམ་ཡང་མི་རུང་བར། །ལྟུང་བའི་སྡེ་ཚན་ལས་གསུངས་དེར་མ་ཟད། །ཀ་རི་ཀ་ལས་མྱོས་འགྱུར་ཉེས་འཕེལ་བ། །རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་ཞེས་དང༌། །དེ་འཐུངས་ན་ནི་དྲན་པ་ཀུན་ཉམས་ཤིང༌། །བརྟུལ་ཞུགས་ལྡན་པ་བག་མེད་འགྱུར་ཞེས་གསུངས། །གཞན་ཡང་མདོ་སྡེ་རྣམས་སུ་སངས་རྒྱས་ཀྱིས། །ཆང་འཐུང་ང་ཡི་ཉན་ཐོས་མིན་པ་དང༌། །ང་ཡང་དེ་ཡི་སྟོན་པ་མིན་སོགས་དང༌། །ཆང་འཐུང་ངུ་འབོད་གནས་སུ་སྐྱེ་བ་དང༌། །བྱིན་མཁན་དེ་ཡི་འཁོར་དུ་སྐྱེ་བ་སོགས། །རྣམ་པ་དུ་མའི་སྒོ་ནས་བཀའ་བསྩལ་ན། །ཁྱོད་ནི་སྟོན་པའི་བཀའ་ལ་མི་གནས་སམ། །ངེད་རང་སྟོན་པའི་བཀའ་ལ་མ་གནས་བཞིན། །དམར་སེར་གོས་ཙམ་གྱིས་ནི་སྟོན་པ་ཡི། །རྗེས་འཇུག་ཡིན་ཟེར་དགེ་སློང་ཁས་འཆེ་ཡང༌། །རྒྱལ་བ་མཉེས་པའི་དགེ་སྦྱོང་དེ་མ་ལགས། །སྟོན་པའི་བཀའ་དང་འགལ་བར་གྱུར་ན་ནི། །ཆོས་ཚུལ་ཇི་ལྟར་མཛེས་ཀྱང་དེ་ཡི་ཆོས། །ཆོས་ལོག་བདུད་ཀྱི་བསྟན་པ་ངོ་མ་ཡིན། །དམ་ཉམས་ཁྲིམས་རལ་ཟེར་ནའང་དེ་ལས་མེད། །བསྟན་པའི་བླ་འཚོང་ཟེར་ནའང་དེ་ལ་ཐུག །དམྱལ་བའི་བུད་ཤིང་ཟེར་བའང་ལོགས་སུ་མེད། །དེ་ལ་སོགས་པའི་ཉེས་པ་བརྗོད་མི་ལང༌། །མདོར་ན་ཆང་ནི་ཉེས་ཀུན་རྩ་བ་སྟེ། །འདི་ཕྱི་གཉིས་ཀའི་དོན་ཉམས་ནོར་ཟད་ཅིང༌། །རྨོངས་པས་བྱ་བ་མ་ཡིན་བྱེད་པ་དང༌། །མི་ཁ་སྡང་ཞིང་ཀུན་གྱིས་བརྙས་པ་དང༌། །གསང་གཏམ་ལྷུགས་སྒྲོག་ཀུན་གྱིས་ཆ་མི་འཇོག །རོ་བཞིན་འགྱེལ་ནས་ཁྱི་ཕག་དང་མཉམ་སྤྱོད། །བསྟན་པའི་ཞབས་འདྲེན་ཆང་ལས་ཐུ་བ་མེད། །སྐྱེ་བོ་མི་མང་རབ་ཏུ་ཚོགས་པའི་ཁྲོད། །ཆང་འཐུང་སྨྱོན་སྤྱོད་བྱེད་པའི་མི་དེ་ལ། །ཀུན་གྱིས་བརྙས་བཅོས་བྱེད་པ་མ་གཏོགས་པ། །བཟང་པོའི་གྲལ་དུ་བརྩི་མཁན་སུ་ཡང་མེད། །གྲོགས་ཁྱོད་བསྟན་འཛིན་རྐང་འཐུང་ལྗོན་པའི་ཁྲོད། །ཡོངས་འདུའི་ས་བརྟོལ་བཞིན་དུ་རེ་བ་ལ། །བག་མེད་ཆང་གི་སེར་བས་ཉིན་རེ་བཞིན། །ཡོན་ཏན་ལོ་འབྲས་ས་ལ་འཐོར་མཐོང་ཚེ། །མི་མཐུན་འགྲན་ཟླ་འབྱུང་པོའི་བྱ་རྣམས་ཀྱིས། །བསྔགས་པའི་ཉི་མ་ནུབ་ནས་སྨད་འོས་ཀྱི། །མཚན་མོར་ཉེ་བར་ཤེས་ནས་གཏམ་ངན་གྱི། །གད་མོ་ཕྱོགས་བཅུར་རྒོད་པས་སྐྱོ་བ་སྐྱེ། །མཐུན་པའི་གྲོགས་ཀྱིས་ལྡོག་ཀྱང་མ་ཉན་པར། །ཤེས་བཞིན་བག་མེད་གནས་ལ་སྤྱོད་མཐོང་ཚེ། །དགའ་བའི་གྲོགས་ཀྱང་མཚན་མོའི་པདྨོ་བཞིན། །ངོ་འཛུམ་རབ་ཏུ་ཟུམ་པར་མི་འགྱུར་རམ། །སྔོན་ཆད་ཆོས་ཀྱིས་འབྲེལ་བའི་བླ་སློབ་ཀྱང༌། །སྨྱོ་ཟས་ཆང་གིས་མྱོས་པའི་གཏམ་ངན་ནི། །སྙན་གྱི་དབང་པོར་སོན་པས་དེ་མ་ཐག །བཞིན་གྱི་ཟླ་བ་སྒྲ་གཅན་གྱིས་ཟིན་འགྱུར། །གྲོགས་ཁྱོད་བསྟན་པའི་ཆུ་མཚོར་ལེགས་ཞུགས་ནས། །བསླབ་བྱའི་ཡོན་ཏན་འདབ་སྟོང་རྒྱས་པ་ལ། །སློབ་གཉེར་བུང་བ་ངང་གིས་འདུ་རན་ཚེ། །ཆང་གི་དྲི་ཡིས་མེ་ཏོག་དྲི་བཅོམ་ནས། །མི་གཙང་ཕུང་པོར་གྱུར་ན་དེ་ཡི་གམ། །གྲོགས་ངན་ཤ་སྦྲང་ནག་པོ་འཁོར་མ་གཏོགས། །ཤེས་ལྡན་གསེར་སྦྲང་བུང་བ་ག་ལ་འཁོར། །ཚུལ་དེར་བསམ་ནས་བག་ཡོད་མཛད་པར་རིགས། །ད་ནི་གོང་དུ་ཇི་སྐད་བཤད་པའི་དོན། །ཐུགས་ལ་དགོངས་ནས་ཞེ་བཅད་དམ་བཅའ་དང༌། །སྔར་འཁྲུལ་ལས་ལ་ཉེས་མཐོང་འགྱོད་བཤགས་དང༌། །ཕྱིན་ཆད་སྡོམ་སེམས་དང་བཅས་སྤོངས་མཛོད་ཅིག །མཐུན་པའི་གྲོགས་པོ་མང་ཡང་དེ་ལྟ་བུའི། །ཤ་ཚའི་གྲོས་འདེབས་བཤད་མཁན་སུ་འདུག་གཟིགས། །འདི་ཕྱི་གཉིས་ཀར་བདེ་ལེགས་འགྱུར་བའི་གཏམ། །དོན་མེད་མ་གཏོང་ཐུགས་ལ་ཟུངས་ཤིག་ཨང༌། །དེ་ལྟར་ཕན་པའི་སྙིང་གཏམ་བཤད་པ་ལ། །མ་མཉེས་ཁ་དལ་ཟེར་ནས་སྔ་མཁོ་ལྟར། །སྤྱོད་པར་མཛད་ན་ང་ལའང་སྔར་བཞིན་དུ། །དག་སྣང་ཕྱག་རྒྱ་བརྩེ་གདུང་མི་དགོས་ཞུ། །རང་ཉིད་རང་གི་རྒྱུད་ཀྱང་མ་དུལ་བ། །གཞན་རྒྱུད་ཐུལ་བར་འགྱུར་བའི་སྐབས་མེད་ཅིང༌། །འོན་ཀྱང་ཕན་པར་གྱུར་ན་དེའི་དགེ་བ། །རང་གཞན་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ།། །།ཞེས་པའང་དགེ་རིན་པས་སོ།། །།

༈ ཀྱེ་མ། དུས་ངན་སྙིགས་མའི་ལང་ཚོ་དར་བའི་མཐུས། །ཆོས་ཀྱི་སྣང་བ་ཕལ་ཆེར་དབྱིངས་སུ་ཡལ། །ཆོས་མིན་སྤྱོད་པས་འཇིག་རྟེན་གང་བའི་དུས། །བློ་སེམས་ཆོས་ལ་ཐོངས་ཤིག་སྙིང་གི་བུ། །འདིར་སྣང་ལས་ཀྱི་འཁྲུལ་སྣང་བདེ་སྡུག་ཀུན། །གང་ལ་བསམས་ཀྱང་ཡིད་བརྟན་མི་འདུག་པས། །ཅོལ་ཆུང་བྱ་བས་རང་མགོ་མི་བསྐོར་བར། །བློ་ཕུག་ཆོས་ལ་གཏོད་ཅིག་སྙིང་གི་བུ། །ཟིན་མེད་བྱ་བའི་འབྲེལ་སྣང་མང་བ་དེས། །གཏན་བདེ་ལག་རྩེར་གསོན་པའི་གེགས་ཡིན་པས། །ཁེ་ཉེན་ཤེས་དུས་གདམས་ཀ་མ་ལོག་པར། །བློ་སེམས་ནང་དུ་ཁུག་ཅིག་སྙིང་གི་བུ། །ཡིད་བཞིན་ནོར་བུ་ལྟ་བུའི་དལ་རྟེན་འདི། །སྟབས་ལེགས་ཙམ་དུ་རྙེད་པའི་དུས་ཚོད་འདིར། །ཆོས་མིན་བྱ་བས་ཆུད་ཟོས་མ་བཏང་བར། །ལྷ་ཆོས་སྙིང་པོ་ལོན་ཅིག་སྙིང་གི་བུ། །རླུང་གསེབ་མར་མེ་ལྟ་བུའི་མི་ཚེ་འདི། །ཡུན་རིང་གནས་པའི་ངེས་པ་མི་གདའ་བས། །གཏན་དུ་འཚོ་བའི་གྲབས་གཤོམ་མི་བྱེད་པར། །ཕྱི་མའི་དོན་ཆེན་སྒྲུབས་ཤིག་སྙིང་གི་བུ། །ལུས་ཀྱི་གྲིབ་མ་འདྲ་བའི་ལས་འབྲས་འདི། །ས་བོན་ཕྲ་བའང་བདེ་སྡུག་མི་བསླུ་བས། །དགེ་སྡིག་བླང་དོར་རྣར་གཟོན་མི་བྱེད་པར། །སྤང་བླང་ཞིབ་ཏུ་དཔྱོད་ཅིག་སྙིང་གི་བུ། །བཟོད་དཀའ་མེ་འོབས་ལྟ་བུའི་འཁོར་བ་འདི། །སྡུག་བསྔལ་དུ་མའི་འབྱུང་ཁུངས་ལགས་པའི་ཕྱིར། །དེ་ལ་དགའ་བའི་ཡིད་བརྟན་མི་འཆའ་བར། །སྲིད་པར་ངེས་འབྱུང་སྐྱེད་ཅིག་སྙིང་གི་བུ། །ནོར་བུའི་གླིང་བཞིན་ཐར་པའི་ཡོན་ཏན་འདི། །ཕན་བདེའི་འབྱུང་གནས་འཁྲུལ་མེད་ལགས་པའི་ཕྱིར། །ལམ་བཟང་མཐོང་དུས་གཡང་ལ་མ་མཆོང་བར། །ཐར་ལམ་སྤར་འཛིན་བྱེད་ཅིག་སྙིང་གི་བུ། །ལམ་སྟོན་ས་མཁན་ལྟ་བུའི་བཤེས་གཉེན་འདི། །རྟ་བོང་མིའི་ཁྱུར་བཙུད་པའི་དྲིན་ཅན་ཡིན། །མཉམ་གྲོགས་མཐོང་ནས་མཉམ་ཚོད་མི་བྱེད་པར། །ཚུལ་བཞིན་གུས་པས་བསྟེན་ཅིག་སྙིང་གི་བུ། །ཚུལ་མཐུན་གུས་པས་ལེགས་པར་བསྟེན་གྱུར་ན། །ཐོས་པའི་ནོར་གྱིས་ཕོངས་སྙམ་བདག་ལ་མེད། །འོན་ཀྱང་དེང་སང་བླུན་པོའི་ཁྲོད་དུ་ནི། །རིན་ཆེན་ཕྱག་དར་ཁྲོད་དུ་ལྷུང་བ་ལྟར། །བརྟགས་ནས་ལེགས་ཉེས་དཔྱོད་པའི་བློ་མེད་པར། །ཁོ་བོའང་སྙིང་ནས་སྐྱོ་བའི་འོས་སུ་གནས། །ད་ནི་ཐོས་བསམ་ཡང་དག་བྱེད་འདོད་ན། །ཁོ་བོས་སྙིང་གཏམ་འགའ་ཞིག་བཤད་ཀྱིས་ཉོན། །བསྐལ་མང་ཐོས་པར་དཀའ་བ་དམ་པའི་ཆོས། །ཚིག་གཅིག་སྒྲ་འཛིན་ལམ་དུ་ཐོས་པས་ཀྱང༌། །ཐར་པའི་ས་བོན་ཐེབས་པས་ཐོས་བསམ་ལ། །ནན་ཏན་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །སངས་རྒྱས་ཡོན་ཏན་རྒྱུད་ལ་སྦྱངས་དུས་འདིར། །འཁོར་བའི་བྱ་བཞག་བསྒྲུབ་ཏུ་མི་ཁོམ་གྱིས། །ཐོས་པས་དོན་ཆེན་བསྒྲུབ་དུས་དོན་མེད་ཀྱི། །བྱ་བ་སྤོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཅན། །དགའ་ལོ་སྐྱིད་ལོ་ཙམ་གྱིས་ཤེས་དཀའ་བས། །མགོ་འམ་གོས་ལ་མེ་ཤོར་བཟློག་པ་ལྟར། །གུས་རྟག་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །གང་ཞིག་སྟོན་པ་པོ་དང་དེས་བསྟན་པར། །དང་འདོད་ཡིད་ཆེས་སྒོ་ནས་དད་བྱེད་ན། །དེ་ཡི་འདོད་པ་མི་འགྲུབ་མི་སྲིད་པས། །དད་ཅིང་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །ཚུལ་གནས་ཐོས་བསམ་སྒོམ་པ་གང་ལ་ཡང༌། །ཚེ་འདིར་ཞེན་པའི་བློ་དང་འབྲེལ་ན་ནི། །བྱང་ཆུབ་རྒྱུ་རུ་མི་འགྲོ་རྣ་ཆོས་དོར། །སེམས་ཆོས་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །རྣམ་མཁྱེན་ཐོབ་པ་མིན་ཅེས་གསུངས་པས་ན། །མདོ་སྔགས་གཞུང་ལུགས་ཀུན་ལ་ཡེངས་མེད་དུ། །ཐོས་བསམ་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །ཤེས་བྱ་ནམ་མཁའི་གཟའ་སྐར་ལྟར་མང་ཡང༌། །རང་བློས་དཔག་པའི་ཐོས་པ་ཞིག་མེད་ན། །སྲིད་པར་དེ་བས་རྨོངས་པ་གཞན་མ་ལགས། །གང་ཤེས་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །སྔོན་བྱོན་ལོ་པཎ་གྲུབ་པའི་སྐྱེས་བུ་རྣམས། །ཆོས་ཕྱིར་རང་གི་སྐུ་སྲོག་ཀྱང་གཏོང་ན། །ད་ལྟ་རང་ཅག་མཐུན་རྐྱེན་ཚོགས་པའི་དུས། །སྤྲོ་བས་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །རང་མགོ་རང་གིས་བསྐོར་ཏེ་མ་བསྡད་པར། །ཉལ་ལོངས་གཉིས་ལ་བསམ་གཞིབ་ལེགས་བཅུགས་ཏེ། །རང་ལྐོག་རང་གིས་བཙུགས་ཏེ་རང་ཉིད་ལ། །རང་ཕན་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །རང་དྲིན་རང་ལ་ཆེ་བའི་གྲོས་མེད་ན། །ཁོ་བོས་ཇི་ལྟར་སྨྲས་ཀྱང་དོན་མ་མཆིས། །རང་ཕན་རང་གིས་བྱེད་པའི་བློ་ཡོད་ན། །ཚིག་འདི་ཡིད་ལ་ཆོངས་ཤིག་སྙིང་གཏམ་ཡིན། །སྙིང་མེད་ན་ནི་སྙིང་གཏམ་བཤད་ན་ཡང༌། །དགོས་པའམ་དོན་དུ་འགྱུར་བ་ཅང་མ་ལགས། །ལེགས་ཉེས་འབྱེད་པའི་སྙིང་ཞིག་ཡོད་ན་ནི། །སྙིང་ལ་ཆོངས་རེན་རན་ཏེ་བཅང་འཚལ་ལོ།། །།ཞེས་པའང་དགེ་རིན་པས་སོ།།

༈ དབེན་པའི་ཉམས་ལེན་ལ་བསྐུལ་བའི་དབྱུ་གུ་བཞུགས་སོ།།

༈ ལྷུན་ཆགས་ས་འཛིན་གྱི་སྤོ་ལ། །ཉམས་དགའ་བསམ་གཏན་གྱི་ཁང་བུར། །སྒོ་གསུམ་བཅད་འབྱར་ལ་བཞུགས་པའི། །ཟབ་མོའི་རྣལ་འབྱོར་གྱི་དྲུང་དུ། །ཆེད་གསོལ་མངོན་ཆུང་གི་སྤྲང་པོས། །ཁ་ཞེ་མེད་པ་ཡི་དག་སྣང༌། །ཟླ་བའི་ཁང་བཟང་ལས་དྲངས་ཏེ། །གནས་ཚུལ་ཅུང་ཟད་ཅིག་ཞུ་བ། །འདིར་སྣང་མནོག་ཆུང་གི་བྱ་བ། །མཆིལ་མའི་ཐལ་བ་བཞིན་བོར་ནས། །དོན་ཆེན་ཡང་དག་ཏུ་འཇོག་པའི། །ཉམས་ལེན་ཕྱག་བཞེས་སུ་བལྟར་བ། །སྒྲུབ་བརྒྱུད་གོང་མ་ཡི་བུ་བརྒྱུད། །ཕ་རྗེས་ཟིན་པ་ཞིག་ལགས་ཚེ། །བདག་ཀྱང་ཡི་རང་གི་མེ་ཏོག །ཁྱོད་ཕྱོགས་འཐོར་བ་དང་ལྷན་དུ། །རང་ལ་ཉམས་མྱོང་ཞིག་མེད་ཀྱང༌། །གོང་མའི་ཞལ་གདམས་དང་མཐུན་པའི། །གསང་གཏམ་ཕྲན་བུ་ཞིག་ཞུ་བས། །རེ་ཞིག་མི་ཁོམས་ཀྱང་གསོན་ཅིག །དམ་ཆོས་ཉམས་ལེན་གྱི་ཉིང་ཁུ། །སྦྱོར་དངོས་རྗེས་གསུམ་གྱི་ངོ་བོ། །དམ་པ་རྣམ་གསུམ་གྱིས་ཟིན་པའི། །བློ་ཞིག་ངེས་པ་རུ་གཅེས་སོ། །དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ། །རྩ་བའི་བླ་མ་དེ་རྣམ་པ། །གང་འདུལ་ཡི་དམ་དུ་འཆར་བའི། །སྣང་ཚུལ་ཤེས་པ་རུ་གཅེས་སོ། །ཐ་མལ་སྣང་ཞེན་གྱི་གཉེན་པོ། །བསྐྱེད་རིམ་རྣལ་འབྱོར་ལ་འཇུག་དུས། །གསལ་དག་བརྟན་གསུམ་དང་ལྡན་པའི། །སྣང་སྟོང་ཟུང་འཇུག་ཏུ་གཅེས་སོ། །ཟབ་གསལ་བསྐྱེད་རིམ་གྱི་སྙིང་པོ། །གསང་སྔགས་བཟླས་བརྗོད་ལ་འཇུག་དུས། །སྣང་གྲགས་རྟོག་གསུམ་གྱི་རང་བཞིན། །ལྷ་སྔགས་ཡེ་ཤེས་སུ་གཅེས་སོ། །ཞལ་ཕྱག་མཚན་འཛིན་གྱི་གཉེན་པོ། །རྫོགས་རིམ་རྣལ་འབྱོར་ལ་འཇུག་དུས། །བློས་བྱས་ཆད་སྟོང་ལས་འདས་པའི། །མ་བཅོས་ཡེ་སྟོང་དུ་གཅེས་སོ། །རང་བྱུང་ཡེ་ཤེས་ཀྱི་རྟེན་གཞི། །ཞི་གནས་བསམ་གཏན་ལ་འཇུག་དུས། །བྱིང་རྒོད་མཚན་མ་དང་བྲལ་བའི། །གནས་འགྱུར་ངོ་ཤེས་སུ་གཅེས་སོ། །རང་སེམས་བཟོ་མེད་ཀྱི་ངོ་བོ། །ལྷག་མཐོང་རྣལ་འབྱོར་ལ་འཇུག་དུས། །རྟོག་བྲལ་རིག་སྟོང་གི་རྗེན་པ། །བློ་འདས་ཡེ་ཤེས་སུ་འཆར་ཚེ། །ཐུག་ཕྲད་རང་བབ་ཏུ་འཇོག་ན། །དགག་སྒྲུབ་རྩིས་གདབས་དང་བྲལ་བའི། །ངོ་ཤེས་རྩོལ་མེད་ཀྱི་ངང་ལ། །ཆུ་བོའི་རྒྱུན་བཞིན་དུ་བསྐྱངས་ན། །འདི་ལས་ལྷག་པ་ཡི་ཉམས་ལེན། །ཕྱག་རྫོགས་དབུ་གསུམ་ལས་མི་འབྱུང༌། །བཤད་བཤད་རྣམ་གྲངས་ནི་མང་ཡང༌། །རང་མགོ་འཁོར་བ་ལས་མི་འདུག །མདོ་སྔགས་ཉམས་ལེན་གྱི་སྙིང་པོ། །བཅུད་དྲིལ་ཧྲུག་ཙམ་ཞིག་ཕུལ་བས། །འོད་མེད་ཞུ་ཧམ་དུ་མ་དགོངས། །གཞན་པའི་ནོར་རྫས་ཀྱི་བདོག་པ། །བདག་ལས་ཅང་འབུལ་དུ་མ་མཆིས། །དབེན་པའི་ཉམས་ལེན་ལ་བསྐུལ་བའི། །བསླབ་བྱ་མདོར་བསྡུས་ཙམ་བྲིས་ཏེ། །སྤྲང་མིང་དགེ་རིན་དུ་འབོད་པས། །ཀུན་གླིང་ཆོས་ཀྱི་དགའ་ཚལ་ནས་ཕུལ་ལོ།། །།ཅེས་པ་འདིའང་རྡོ་རྗེའི་མཆེད་པོ་སྐུ་མཚམས་སྒྲུབས་པ་ལ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།

༈ ཞི་བ་གཏན་གྱི་དོན་ཆེན་སྒྲུབ་དུས་འདིར། །སྲིད་པའི་རྡུལ་ཕྲན་བགྲང་དུ་མི་ཁོམ་གྱི། །དོན་མེད་བྱ་བའི་ཟར་ཟིར་མ་མང་བར། །བློ་སྣ་སྤྲོས་པ་སྐྱུངས་ཤིག་བུདྡྷ་བ། །བློ་བྲལ་གཤིས་ལ་བཞག་ན་ཞི་བའི་ངང༌། །ཟིན་མེད་བྱ་བའི་འབྲེལ་སྣང་འཁོར་བའི་རྒྱུ། །དེ་ཕྱིར་སྲིད་དང་ཞི་བའི་ས་མཚམས་འདིར། །གནད་མའི་ལམ་ལ་ཟུངས་ཤིག་བུདྡྷ་བ། །ཐ་མལ་ཤེས་པ་སྐྱོང་བའི་དུས་ཚོད་འདིར། །རྟོག་དཔྱོད་ཚེ་འདིའི་ཤོམ་རྭ་རྒྱ་བསྐྱེད་ནས། །དྲན་ཚད་འཁྲུལ་པའི་ཁ་བསྣོན་མ་འདེབས་པར། །གང་ཤར་དྲན་པས་སྐྱོངས་ཤིག་བུདྡྷ་བ། །ཕྱི་ནས་དམ་དམ་འདྲ་བའི་སྒོ་བསྡམས་ནས། །ནང་དུ་སེམས་ཀྱིས་རྒྱལ་ཁམས་མ་བསྐོར་བར། །ཐུན་དང་ཐུན་མཚམས་མཉམ་རྗེས་ཡེངས་མེད་ཀྱི། །ཉམས་ལེན་སྙིང་པོ་ལེན་ཅིག་བུདྡྷ་བ། །ད་ལྟ་ལྐོག་ཏུ་རང་སྐྱོན་འདུལ་བའི་དུས། །གཞན་སྐྱོན་མཐོང་ཡང་གཞན་གྱི་སྐྱོན་མ་ལགས། །རང་སྣང་མ་དག་ལས་ཀྱིས་སྣང་བ་ཡིན། །རང་མཚང་ངན་པ་ཐུལ་ཅིག་བུདྡྷ་བ། །རང་རྒྱུད་སྣུམ་ཀོ་གྱོང་པོ་མ་འདུལ་ན། །གཞན་རྒྱུད་མི་ཐུལ་བློ་ངན་བླུན་པོ་ཁྱོད། །མཁས་པར་རློམས་ནས་ཆོས་གཏམ་མ་བཤད་པར། །ཡོན་ཏན་ཁོང་དུ་སྦོས་ཤིག་བུདྡྷ་བ། །མི་ཆོས་ལང་ཚོ་མཛེས་པའི་དུས་ཚོད་འདིར། །མི་མང་ཁྲོད་དུ་ཁྱི་བཞིན་མ་རྒྱུག་པར། །མི་མེད་རི་ཁྲོད་ཞི་བའི་དབེན་ཁང་ནང༌། །ལྷ་ཆོས་སྙིང་པོ་ལོན་ཅིག་བུདྡྷ་བ། །ཕྲལ་བྱུང་རྣམ་རྟོག་ངན་པའི་རྗེས་འབྲངས་ནས། །ཚེ་འདིར་སྐྱིད་འདོད་རེ་བའི་ཡིད་སྨོན་གྱིས། །མིག་བུ་བཙུམས་ནས་གཡང་ལ་མ་མཆོང་བར། །རང་ཚུགས་བརྟན་པོར་ཟུངས་ཤིག་བུདྡྷ་བ། །ད་རེས་ཐོས་དོན་ཉམས་སུ་ལེན་པའི་དུས། །དགེ་སྦྱོར་རྣམ་གཡེང་རླུང་ལ་མ་བསྐུར་བར། །མགོ་འམ་གོས་ལ་མེ་ཤོར་བཟློག་པ་ལྟར། །གུས་རྟག་བརྩོན་པ་རྩོམས་ཤིག་བུདྡྷ་བ། །ལྷ་དང་བླ་མར་བསྙེན་ཅིང་སྒྲུབ་དུས་ཀྱང༌། །རང་སེམས་བཟོ་མེད་འདི་ལས་ལོགས་ཤིག་ཏུ། །ཞལ་ཕྱག་མཚན་མར་འཛིན་ཏེ་མ་ཞེན་པར། །སྣང་སྟོང་དབྱེར་མེད་སྒོམས་ཤིག་བུདྡྷ་བ། །བཟླ་དུས་དྲན་པ་མེད་པའི་ཚིག་སྐམ་གྱིས། །ཕྲེང་བའི་གྲངས་འཛིན་གཙོ་བོར་མ་བསྟེན་པར། །སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི། །རོལ་པར་དྲན་ཏེ་སྒྲོངས་ཤིག་བུདྡྷ་བ། །ད་ལྟའི་ཐ་མལ་སྣང་ཞེན་ལྡོག་པའི་ཕྱིར། །བསྐྱེད་རིམ་ལྷ་ཡི་དག་དྲན་སྒོམ་པའི་དུས། །མ་དག་ལུས་ལ་མཚན་མར་མ་འཛིན་པར། །ལྷ་ཡི་ང་རྒྱལ་སྒོམས་ཤིག་བུདྡྷ་བ། །བསྐྱེད་རིམ་ཞལ་ཕྱག་འཛིན་པ་དག་པའི་ཕྱིར། །རྫོགས་རིམ་སྤྲོས་མེད་རྣལ་འབྱོར་བསྒོམ་པའི་ཚེ། །བློས་བྱས་བཅོས་མའི་སྟོང་པར་མ་བསྒོམ་པར། །མ་བཅོས་གཤིས་ལ་ཞོག་དང་བུདྡྷ་བ། །གཟའ་གཏད་བྲལ་བ་ལྟ་བའི་རྒྱལ་པོ་ཡིན། །མ་ཡེངས་པ་ནི་སྒོམ་གྱི་བླ་མ་ཡིན། །མ་འཁྲུལ་པ་ནི་སྤྱོད་པའི་སློབ་དཔོན་ཡིན། །དེ་གསུམ་གནད་དུ་སྨིན་དང་བུདྡྷ་བ། །དེ་ལྟར་རང་ལྐོག་རང་གིས་མ་བཙུགས་ན། །རང་ལ་གྲོས་འདེབས་བྱེད་མཁན་སུ་འདུག་ཀྱེ། །རང་དྲིན་རང་ལ་ཆེ་བའི་གྲོས་ཐེབས་ཤིག །སློབ་བུ་བུདྡྷ་མིང་ཅན་ཉིད་ལ་གདམས།། །།ཞེས་པའང་དགེ་རིན་པས་སོ།། །།

༈ ཆོས་བརྒྱད་སྤང་བར་གདམས་པའི་བསླབ་བྱ་བཞུགས་སོ། །

༈ ཆོས་རྗེ་དྲིན་ཅན་བླ་མའི་ཞབས་པད་ལ་བཏུད་ནས། །ཆོས་བཞིན་སྤྱོད་པ་དག་ལ་བསླབ་སྟོན་ཞིག་གསོལ་ན། །ཆོས་བརྒྱད་མ་སྤངས་དམ་པའི་ལྷ་ཆོས་ནི་མི་འགྲུབ། །ཆོས་དང་མཐུན་པའི་འདོར་ལེན་དམ་བཅའ་ཞིག་མཛོད་ཅིག ༈ །ནོར་རྫས་རྙེད་པར་དཀའ་བའི་སེམས་ཁོ་ལ་ཤོད་དང༌། །དད་གཤིན་དཀོར་གྱི་ནོར་རྫས་བག་མེད་དུ་སྤྱོད་ན། །ཕྱི་མར་བུ་ལོན་ལུས་ལས་འཇལ་དགོས་པར་འདུག་གོ །ཆོག་ཤེས་ནོར་ལ་བསྟེན་པའི་དམ་བཅའ་ཞིག་མཛོད་ཅིག ༈ །རྙེད་མེད་མི་དགའ་བ་ཡི་སེམས་ཁོ་ལ་ཤད་དང༌། །འདོད་སྲེད་ནོར་གྱི་རྙི་རྒྱ་དམ་པོ་རུ་ཚུད་ན། །ནམ་ཡང་འཁོར་བའི་འཕྲང་ལས་མི་ཐར་བར་འདུག་གོ །ནོར་མེད་བློ་བདེ་ཞིག་ལ་དམ་བཅའ་ཞིག་མཛོད་ཅིག ༈ །ལུས་སེམས་བདེ་ན་དགའ་བའི་སེམས་ཁོ་ལ་ཤོད་དང༌། །ད་ལྟའི་འཁོར་བའི་བདེ་བ་ཆུང་ངུ་ལ་ཆགས་ན། །ནམ་གཞར་གཏན་གྱི་བདེ་བ་མི་ཐོབ་པར་འདུག་གོ །སྐྱིད་འདོད་རེ་བ་མེད་པའི་དམ་བཅའ་ཞིག་མཛོད་ཅིག ༈ སྡུག་ན་མི་དགའ་བ་ཡི་སེམས་ཁོ་ལ་ཤོད་དང༌། །རྐྱེན་ངན་མི་འདོད་སྡུག་བསྔལ་རང་ཐོག་ཏུ་བླངས་ན། །སྔར་བྱས་ལས་ངན་འཛད་པའི་ཕྱགས་ཤིང་དུ་འདུག་གོ །སྡུག་བསྔལ་དང་ལེན་བྱེད་པའི་དམ་བཅའ་ཞིག་མཛོད་ཅིག ༈ །གཏམ་སྙན་གྲགས་པར་འདོད་པའི་སེམས་ཁོ་ལ་ཤོད་དང༌། །མཁས་ལོ་བཙུན་ལོ་ཟེར་བའི་ཚིག་སྐམ་ལ་རེ་ན། །རེ་བ་ཆེ་རྣམས་སྡུག་བསྔལ་ཆེ་བ་རུ་འདུག་གོ །གཏམ་རྣམས་བྲག་ཆེར་ཤེས་པའི་དམ་བཅའ་ཞིག་མཛོད་ཅིག ༈ །གྲགས་མེད་མི་དགའ་བ་ཡི་སེམས་ཁོ་ལ་ཤོད་དང༌། །རང་ཚུལ་ཁོང་དུ་སྦས་པའི་གོ་ཆ་འདི་གྱོན་ན། །ཆགས་སྡང་མཚོན་གྱིས་ཕིག་པ་དཀའ་བ་རུ་འདུག་གོ །སྦས་པའི་རྣལ་འབྱོར་བྱེད་པའི་དམ་བཅའ་ཞིག་མཛོད་ཅིག ༈ །བསྟོད་བཀུར་བསྔགས་པར་དགའ་བའི་སེམས་ཁོ་ལ་ཤོད་དང༌། །ཁ་གསག་གཅམ་བུའི་ཚིག་གི་སྨྱོ་ཆུ་འདི་འཐུང་ན། །རང་རྒྱུད་ཤིང་ལྟར་རེངས་པའི་རྒྱུ་ཉིད་དུ་འདུག་གོ །གདོང་གསོལ་དགའ་སྣང་མེད་པའི་དམ་བཅའ་ཞིག་མཛོད་ཅིག ༈ སྨད་ན་མི་དགའ་བ་ཡི་སེམས་ཁོ་ལ་ཤོད་དང༌། །རང་མཚང་དྲུང་ནས་འབྱིན་པའི་ཚིག་ངན་འདི་བཟོད་ན། །རང་སྐྱོན་ངོ་སྤྲོད་སྟོན་པའི་སློབ་དཔོན་དུ་འདུག་གོ །སྨད་ཚིག་དང་དུ་ལེན་པའི་དམ་བཅའ་ཞིག་མཛོད་ཅིག ༈ །དེ་ལྟར་ཆོས་བརྒྱད་མགོ་བོ་སྙོམས་པ་ཞིག་མེད་ན། །ལྷ་ཆོས་བྱེད་ཀྱང་དོན་དུ་མི་ཆོས་ལས་མ་འདས། །དེ་འདྲའི་ཆོས་ཀྱིས་སེམས་ལ་ཕན་ཐབས་ནི་མི་འདུག །རང་སེངས་ངན་གོམས་ཆོད་པའི་དམ་བཅའ་ཞིག་མཛོད་ཅིག། །།ཅེས་གདམས་པའང་དགེ་རིན་པས་སོ།།