གྲུབ༌དབང༌དགེ༌རིན༌གྱི༌རང་རྣམ་བསེ་རུའི་གཏམ།

༄༅། །དབེན་པའི་ཡོན་ཏན་ལ་བསྔགས་པ་བསེ་རུའི་གཏམ་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭསྟི། འདོད་ཆགས་རི་དྭགས་བག་ཡོད་སྡེར་མོས་རྨས། །ཞེ་སྡང་གཅན་གཟན་བཟོད་པའི་ང་རོས་ཐུལ། །གཏི་མུག་གླང་ཆེན་ཡེ་ཤེས་མཆེ་བས་བཅོམ། །བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ནས། །གང་གི་རྗེས་སུ་ཞུགས་པའི་བསེ་རུ་བདག །དབེན་གནས་བྲག་གི་ཕུག་ཏུ་སྐྱེས་པ་ལས། །གཅིག་པུར་གནས་ལ་དགའ་བའི་བག་ཆགས་ཀྱིས། །དབེན་པའི་ཡོན་ཏན་ཅུང་ཟད་བྲི་བར་བྱ། །ཁོ་བོ་དང་པོ་གོག་ཤེས་ཙམ་ཉིད་ནས། །བྱིས་པ་གཞན་དང་སྤྱོད་ཚུལ་མི་འདྲ་བར། །ཆོས་ཀྱི་ལས་མོ་ཁོ་ནར་བྱེད་པ་ལས། །ཕ་ཡིས་ཁྲིད་དེ་འདུས་སྡེའི་ཁྲོད་དུ་བཙུགས། །རང་ལོ་བརྒྱད་ནས་བཅོ་ལྔའི་བར་དུ་ནི། །ཆོས་སྤྱོད་ནས་བཟུང་བརྟག་གཉིས་སྡོམ་གསུམ་བར། །བློ་འཛིན་བྱས་ཏེ་བསྐྱེད་ཆོག་ཚད་དུ་ཕྱིན། །རང་མཉམ་ཁྲོད་ནས་རང་མགོ་འཐོན་ཙམ་བྱུང༌། །དེ་ནས་བྱམས་མགོན་བླ་མའི་ཞལ་སྔ་ནས། །ཆོས་སྒོ་དང་པོའི་བཀའ་དྲིན་ཐོབ་ཙམ་གྱིས། །བློ་ཁ་ཆོས་ལ་ཕྱོགས་ཏེ་དབེན་པའི་རིར། །སྔོན་འགྲོ་ནས་བཟུང་འཇམ་དཀར་བསྙེན་པའི་སྐབས། །གསེར་སྦྲང་བུང་བ་ཞིག་ལས་འདི་སྐད་ཐོས། །ཐོས་པའི་རྣ་དང་མཐོང་བའི་མིག་མེད་པར། །གཞོན་ནུའི་དུས་ནས་གང་བྱུང་མ་ཟོས་ཤིག །སྨན་དང་དུག་གཉིས་ནོར་བའི་ཉེན་ཡོད་ཟེར། །དེ་ཐོས་ནས་ནི་ཐོས་པ་ཡིད་ལ་བྱེད། །སློབ་དཔོན་རྣམ་རྒྱལ་ཞབས་ནས་དག་ཡིག་དང༌། །སུམ་རྟགས་སྙན་ངག་སོགས་ལ་སློབ་པའི་སྐབས། །གྲོགས་མཆེད་འགའ་དང་བཅས་ཏེ་བུམ་ཐང་དུ། །སོང་ཡང་ཡིད་ཀྱི་བརྣག་པ་མ་རྫོགས་པར། །དཀའ་བ་ཁྱད་དུ་གསོད་དེ་གངས་ཅན་དུ། །ལོ་འགར་བླ་མ་བཙལ་ཏེ་ཐོས་པ་ལེན། །མདོ་སྔགས་གཞུང་ལ་ལྟ་བའི་མིག་ཐོབ་སྟེ། །རང་ཡུལ་ལྡོག་སྟེ་དབེན་པར་གནས་པ་ལས། །འདུས་སྡེའི་བཀའ་བཞིན་རང་གི་གྲྭ་ཚང་དུ། །སློབ་གྲྭ་ཐོག་མར་བཙུགས་ཏེ་ལོ་གསུམ་བར། །གཞན་དབང་སྒྲོག་གིས་ཟིན་ཏེ་གནས་པའི་སྐབས། །དག་ཡིག་འབྲུ་འགྲེལ་སུམ་རྟགས་བསྡུས་སྡོམ་དང༌། །བཤེས་སྤྲིངས་འགྲེལ་པ་ལ་སོགས་གསར་དུ་བྲིས། །སྐབས་དེར་གཞུང་དུ་བཤད་གྲྭ་འཛུགས་པ་ལས། །རང་གི་སྣ་ཐག་མི་ལ་མ་གཏད་པར། །མགོ་ལ་དཀྲིས་ཏེ་དགོན་ས་བསྐོར་བའི་མཐར། །སྤ་གྲོ་ཀུན་གླིང་ཆོས་ཀྱི་དགའ་ཚལ་དུ། །རང་ལྟོས་སྐྱེ་བོ་འགའ་ལ་བསླབ་སྟོན་རེ། །བྱས་ཀྱང་དོན་དུ་འགྱུར་བ་མེད་མཐོང་ནས། །ལོ་གསུམ་སྤོང་བའི་བརྟུལ་ཞུགས་བཟུང་བ་ན། །རིམ་གཉིས་ཟབ་མོའི་ལམ་ལ་ངེས་པ་རྙེད། །མཐུ་ཆེན་བླ་མའི་སྒྲུབ་ཐབས་ལས་ཚོགས་དང༌། །ཐུན་མིན་བླ་མའི་རྣལ་འབྱོར་གཏན་ལ་ཕབ། །དེ་ནས་རང་ལོ་ཞེ་ལྔར་སོན་པའི་སྐབས། །རྒྱལ་ཡུམ་ལ་ཀྵི་ཀཱཾ་རའི་བཀའ་བཞིན་དུ། །རྟ་མགོ་ཆོས་དབྱིངས་ཕོ་བྲང་ག་ལ་བར། །སློབ་པའི་གྲྭ་ལ་ཆོས་སྟོན་གནས་པའི་སྐབས། །དང་པོའི་ལས་ཅན་རྣམས་ལ་ཕན་པའི་ཕྱིར། །བློ་གསར་རྣ་བའི་རྒྱན་དུ་ཆོས་འབྱུང་བྲིས། །སླད་མའི་བསྟན་འཛིན་གཞོན་ནུ་རྣམས་ཀྱི་ཆེད། །སྡོམ་པ་གསུམ་གྱི་རྒྱན་ནི་མཛེས་པར་བྱས། །གསང་ཆེན་བསྟན་པ་ཡུན་དུ་གནས་པའི་ཕྱིར། །ཟབ་མོ་རྒྱུད་ཀྱི་ཚིག་དོན་གསལ་བར་བྱེད། །རྡོ་རྗེ་སློབ་དཔོན་མཆོག་གི་ལས་བསྟན་ཕྱིར། །རབ་གནས་སྦྱིན་སྲེག་ལ་སོགས་ལས་ཚོགས་བྲིས། །ལྟ་དང་སྒོམ་པའི་ལུགས་གཉིས་གསལ་བའི་ཕྱིར། །དབུ་མའི་བསྡུས་དོན་གསལ་བྱེད་མེ་ལོང་བྲིས། །བསྟན་པ་འདི་ལ་བྱས་པ་མི་ཆུང་བར། །དངོས་དང་བརྒྱུད་ནས་བསྟན་དོན་སྒྲུབ་པའི་སྐབས། །ལྷོ་ཕྱོགས་ཙནྡན་ནགས་ལས་འོང་བཞིན་པའི། །གཞན་གསོས་བུ་མོའི་སྐད་ཀྱི་འགྱུར་ཁུག་ལ། །བརྟགས་པས་རྣམ་འགྱུར་མི་འདྲ་སྣ་ཚོགས་མཐོང༌། །དུས་སྐབས་ཤེས་ནས་རང་ཚུགས་བཟུང་བ་ཡིན། །དེ་ནས་ཞི་བའི་ནགས་སུ་སོང་བའི་ཚེ། །ལྗོན་ཤིང་བཟང་པོ་དག་གི་ལག་པས་ཀྱང༌། །དེང་འདིར་འོངས་པ་ལེགས་ཞེས་བསྟན་པ་དང༌། །ལྷན་ཅིག་དབེན་པའི་ཡོན་ཏན་འདི་ལྟར་མཐོང༌། །འདུག་ན་བག་བྲོ་བལྟས་ན་སྣང་གཡེར་ཆེ། །འདི་ལ་བསམ་གཏན་སྒོམ་པར་འོས་སོ་ཞེས། །སྤྲིན་དཀར་གུར་དང་གཡུ་ལོའི་མལ་སྟན་བཅས། །ལྷ་ཡིས་ཆེད་དུ་བཀོད་པ་མིན་ནམ་སྙམ། །ས་ཕྱོགས་གཙང་ཞིང་ཉམས་དགའ་དབེན་གནས་འདིར། །མཐོང་ཞིང་ཆོས་བཟང་དགའ་ཚལ་ལྷ་ཡུལ་ཏེ། །གནས་དང་ཡུལ་གྱི་ཁྱད་པར་དེ་ཙམ་ལས། །ཇི་ལྟར་བརྟགས་ཀྱང་འབྱེད་ཆོས་གཞན་མ་དམིགས། །ལྗོན་ཤིང་ལོ་འདབ་རྒྱས་པའི་སྡིངས་ཁང་ནས། །བྱ་དང་བྱིའུའི་སྐད་སྙན་ཐོས་ཙམ་གྱིས། །མདོངས་མཐའི་རྣ་བར་དབྱར་སྐྱེས་སྒྲ་བཞིན་དུ། །དགའ་བདེ་ཐོབ་པ་སེམས་ལྡན་སུས་མི་ཤེས། །དྲི་ཞིམ་མེ་ཏོག་ཕང་ཕུར་གཡོ་བ་ལས། །གསེར་སྦྲང་བུང་བའི་གླུ་དབྱངས་ཐོས་པ་ཡང༌། །སྙན་འཇེབས་ཚངས་སྲས་ལྷ་མོའི་ཕང་འགྲོ་དང༌། །མཚུངས་ཤིང་དཔེ་ཟླ་གཞན་གྱི་རྗེས་མི་འགྲོ། །འདི་ལ་བག་ཡངས་གནས་པ་འདི་ཁོ་ནས། །མཐོ་རིས་མདུན་ས་མཚུངས་ཞེས་བརྗོད་མིན་ཏེ། །དཀར་བརྒྱུད་གོང་མ་ཞི་བའི་ནགས་ཁྲོད་དུ། །བདེ་ཆེན་ཡེ་ཤེས་གཟིགས་པར་མཐོང་བས་ཀྱང༌། །མདོར་ན་རི་དྭགས་འཚོལ་བའི་རྔོན་པ་ཡང༌། །དབེན་པའི་ཡོན་ཏན་མཐོང་བས་ཞི་བ་ཐོབ། །རེ་ཞིག་སྨྱུག་མ་སྲོང་བའི་མངའ་མཁན་ཡང༌། །འདུ་འཛི་དབེན་པས་བྱ་བ་གྲུབ་པ་དང༌། །འཐག་མཁན་གཞོན་ནུ་མ་ཡི་གདུ་བུ་ཡང༌། །མང་པོ་སྤངས་པས་བདེ་བ་ཐོབ་པ་བཞིན། །བདག་ཀྱང་འདི་ལ་སྤོང་བའི་ས་བཟུང་བ། །དབེན་པའི་ཡོན་ཏན་མཐོང་བའི་ལག་རྗེས་ཡིན། །བསྟན་དོན་འབའ་ཞིག་སེམས་པའི་བསེ་རུ་ངས། །ནགས་སུ་གནས་མལ་འཆའ་བའི་དགོས་པ་ཡང༌། །བསམ་མེད་སྐྱིད་བདེར་ངང་དུ་གནས་པའི་ཕྱིར། །ཚང་མལ་འཆའ་བ་འཕྱི་བ་ལྟ་བུ་མིན། །གཞན་ལ་འགྲན་པའི་ཀུན་སློང་འབའ་ཞིག་གིས། །རི་ལ་གནས་པ་གཅན་གཟན་ལྟ་བུ་མིན། །མནོག་ཆུང་ཁ་ཟས་ཙམ་ཞིག་རེ་བའི་ཕྱིར། །བྱ་བྱེད་མང་བ་སྤྲེའུ་ལྟ་བུ་མིན། །ཁྱིམ་གྱི་བྱ་བ་དོན་དུ་གཉེར་བའི་ཕྱིར། །གང་ཐོབ་བཙལ་བ་ཝ་སྐྱེས་ལྟ་བུ་མིན། །ཁོ་བོ་བསྟན་དོན་འབའ་ཞིག་བསྒྲུབ་པའི་ཕྱིར། །སྒྲུབ་བརྒྱུད་བསྟན་པའི་གནས་གཞི་ཚུགས་པ་ཡིན། །འདིར་སྣང་ཞེན་པ་ལོག་སྟེ་དབེན་པའི་རིར། །མི་རྟག་འཆི་བ་སྙིང་ལ་དྲན་བཞིན་དུ། །རྩེ་གཅིག་བྱང་ཆུབ་སྒྲུབ་པར་དམ་བཅས་ཀྱང༌། །ལས་ངན་བསེ་རུ་ཁོ་བོའི་རྭ་ཅོག་ལ། །གཞན་དབང་ཞགས་པས་ཟིན་ཏེ་དབང་མེད་དུ། །བྱང་ཐང་སྐྱ་མོའི་ལོགས་ལ་ཁ་བསྒྱུར་ཏེ། །མནོ་མེད་ཕྱུགས་དང་ལྷན་ཅིག་གནས་དགོས་བྱུང༌། །དེ་ལྟ་ན་ཡང་རང་གི་ལས་སུ་བསམས། །སྐྱོ་ངལ་མེད་པར་བསླབ་སྟོན་བྱས་པ་ལས། །ཕྱུགས་ཀྱིས་རྫི་བོར་བསྟེན་ཚུལ་ཤེས་ཙམ་རེ། །བྱུང་བ་དེ་ཡང་ཐོས་པའི་ཕན་ཡོན་ཡིན། །ཇི་ལྟར་གླང་ཆེན་འདུལ་སྦྱོང་མཁན་དག་གིས། །ལུས་འདུལ་སེམས་ནི་ཐུལ་བ་མི་ནུས་བཞིན། །ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་མི་སྲིད། །ཐོས་དོན་སེམས་ལ་ཕོབ་ཅིག་ཤེས་ལྡན་ཚོ། །ད་ནི་རང་སེམས་ཐུལ་བར་འདོད་པ་དག །ཚེ་འདིའི་ཆགས་སྡང་ཁོང་དུ་མི་འཚང་བར། །དབེན་པའི་གནས་སུ་སྒོ་གསུམ་བཅོས་ཤེས་ན། །ད་ལྟའི་ཆོས་གཟུགས་ཕལ་གྱི་དོ་ཟླ་མིན། །ལུས་ནི་རི་དྭགས་བཞིན་དུ་གཅིག་པུར་གནས། །སེམས་ནི་བྱིང་རྒོད་དབང་དུ་མ་སོང་བར། །ཐོལ་སྐྱེས་རྣམ་རྟོག་རང་ངོ་བལྟས་ཤེས་ན། །བླུན་སྒོམ་ཡིད་བྱེད་ཕལ་གྱི་དོ་ཟླ་མིན། །ནགས་སུ་འགྲིམས་པའི་ཆ་ལས་གཅན་གཟན་དང༌། །མཚུངས་ཀྱང་རྣམ་རྟོག་དགྲ་རུ་མི་ལྡང་བར། །གང་ཤར་རིག་པ་རྗེན་ལ་འཕུལ་ཤེས་ན། །སྟོབས་ལྡན་དཔའ་བོ་ཕལ་གྱི་ཟླ་མིན། །རི་ལ་གནས་པའི་ཆ་ལས་སྤྲེའུ་དང༌། །མཚུངས་ཀྱང་བྱ་བྱེད་ཟར་ཟིང་མ་མང་བར། །རྩོལ་མེད་ངང་དུ་ཡང་དག་འཇོག་ཤེས་ན། །མཁས་པ་རང་མཐོང་ཅན་གྱི་དོ་ཟླ་མིན། །སྦས་པའི་བརྟུལ་ཞུགས་བཟུང་ལ་ཝ་སྐྱེས་དང༌། །མཚུངས་ཀྱང་རེ་དོག་འཇུར་བུས་མ་འཆིང་བར། །སེམས་ཉིད་རིན་ཆེན་ལྟ་བའི་མིག་ཡོད་ན། །འབྱོར་ལྡན་ཕྱུག་པོ་ཕལ་གྱི་དོ་ཟླ་མིན། །ཀྱཻ་ལག་ཉོན་དང་ཤེས་ལྡན་རིགས་དྭགས་ཚོ། །རི་ལ་གནས་པ་ཙམ་གྱིས་སེམས་མི་མཐོང༌། །བྱ་ཁྲ་བསམ་བཞིན་གཞུང་ལ་ཕར་ལྟོས་དང༌། །དེ་བཞིན་དཔྱད་པའི་ལྟ་བ་ཡོད་ན་མཐོང༌། །དབྱིངས་དང་ཡེ་ཤེས་ཡེ་ནས་རང་ཆས་སུ། །གནས་ཀྱང་སེམས་ཀྱིས་བསྒྲིབས་ཏེ་མཐོང་མི་འགྱུར། །ཞི་གནས་མཚན་མ་མེད་པའི་ཏིང་འཛིན་འདི། །སོ་སོར་རྟོག་པའི་ཤེས་རབ་དུ་ལྡང་སྟེ། །དཔྱད་པ་རྣོ་ལ་མྱུར་བའི་མཆུ་ཅན་གྱིས། །སྒྲིབ་བྱེད་སེམས་ཀྱི་སྒོ་ང་བརྟོལ་ཙ་ན། །ཁྱུང་ཕྲུག་སྒོ་ངའི་སྦུབས་ནས་འཕུར་བ་བཞིན། །རིག་པ་སེམས་ཀྱི་རྒྱ་ལས་གྲོལ་བ་ཡིན། །ངེས་དོན་ལྟ་ལ་གོམས་པའི་མིག་ཅན་གྱིས། །འཁྲུལ་གཞི་སེམས་ཀྱི་རྩ་བ་ཆོད་པའི་ཚེ། །གསལ་ལ་ངོས་བཟུང་མེད་པའི་ཡེ་ཤེས་འདི། །སེམས་ཀྱི་གོ་སར་བཞུགས་པ་ལྷག་གེར་མཐོང༌། །མཐོང་ཞེས་བློ་དང་མཚན་མས་མིང་འདོགས་ཀྱང༌། །ཡུལ་དང་ཡུལ་ཅན་ཚུལ་གྱིས་མཐོང་བ་མིན། །དོན་དུ་བལྟ་བྱ་ལྟ་བྱེད་མེད་པས་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིན། །དེ་ནས་སྒོམ་པའི་རང་ཚུགས་མ་ཤོར་བར། །ཆུ་བོའི་རྒྱུན་བཞིན་བསྐྱང་ན་རྟོགས་པ་འཆར། །སྟོང་པའི་དབྱིངས་དང་གསལ་བའི་ཡེ་ཤེས་ཀྱིས། །ཆ་ལས་བྱུང་བའི་གནས་འགྱུར་ངོ་ཤེས་ཏེ། །འཕྲོ་ཡང་རིག་པའི་རང་རྩལ་ལས་མ་འདས། །འདུ་ཡང་དབྱིངས་ཀྱི་ངང་ལས་མི་འདའ་ན། །གཟིངས་ལས་འཕུར་ཞིང་བབ་པའི་བྱ་རོག་བཞིན། །སྐྱེ་མེད་དོན་ལ་བློ་གདེང་རྙེད་པར་འགྱུར། །ནང་དུ་འཇོག་པའི་རིག་ཆ་སྐྱེ་མེད་དུ། །སོང་བས་ཡུལ་གྱི་འཛིན་སྟངས་ཞིག་པ་ལས། །སྣང་བའི་ཐོག་ཏུ་སེམས་ཀྱི་འདུག་ཚུལ་རིག །ཕྱི་ལ་སྣང་བའི་གསལ་ཆ་འགགས་མེད་དུ། །ཤེས་པས་ཡུལ་སྣང་སྒོམ་དུ་ཤར་བ་ལས། །སེམས་ཀྱི་ཐོག་ཏུ་སྣང་བའི་འཆར་ཚུལ་རྟོགས། །སྒོམ་དང་མ་སྒོམ་ཁྱད་པར་མི་འདུག་ན། །དེ་ཚེ་སྒོམ་པའི་འཛིན་རྩོལ་ཞིག་པ་ཡིན། །འཁོར་འདས་དབྱེར་མེད་རྟོགས་པའི་རྣལ་འབྱོར་པ། །སྒོམ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་འགྱུར། །ད་ནི་རང་ཡང་བགྲང་བྱའི་ཁུར་གྱིས་དུབ། །སྒྱུ་ལུས་གཡར་ཁང་འདི་ཡང་འགྱེལ་ལ་ཐུག །སེམས་ཀྱི་མགྲོན་པོའང་ལམ་དུ་ཞུགས་རན་པས། །ཤེས་ལྡན་ཁྱེད་རྣམས་བདེ་བར་བཞུགས་ཤིག་ཀྱེ། །གཏན་བདེའི་གནས་སུ་བགྲོད་པའི་བློ་ཡོད་ན། །ཞི་ལྷག་སྒོམ་པའི་གྲུ་གཟིངས་ལ་ཞུགས་དང༌། །འཁོར་བའི་རྒྱ་མཚོ་བརྒལ་ལ་དཀའ་ཚེགས་མེད། །རྣམ་གྲོལ་རིན་ཆེན་གླིང་དུ་མཇལ་སྨོན་ཞུ།། །།ཞེས་རང་གི་གནས་ཚུལ་དང་འབྲེལ་བའི་བསེ་རུའི་གཏམ་འདིའང༌། ནམ་ཞིག་དེ་ལྟར་འབྱུང་རུང་ལ་དམིགས་ཏེ་དགེ་རིན་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། ། །