ཀུན་མཁྱེན་ཡབ་སྲས་ཀྱི་གསུང་ཐོར་བུ།

ཀུན་མཁྱེན་ཀློང་ཆེན་པའི་སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་བཞུགས།
༈ ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་སྨོན་ལམ་སྤྲིན་ཆེན་ལས། །ཐུགས་རྗེའི་ཚ་ཟེར་བདུད་རྩིའི་ཆུ་རྒྱུན་ལེགས་ཕབ་ནས། །གདུལ་བྱའི་ཞིང་དུ་སྐུ་གསུམ་མྱུ་གུ་སྨིན་མཛད་པའི། །སྐྱབས་གསུམ་མཆོག་གྱུར་སྐྱོབ་མཛད་བླ་མའི་ཞབས་ལ་འདུད། །སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དམ་པས་རྗེས་བཟུང་ཡང༌། །རང་ཉིད་མི་བརྩོན་དོན་མེད་དུས་འདས་ཚེ་འདི་གྲིབ་སོར་གཏུགས། །དྲང་སྲོང་སྤྱོད་བསམ་རང་ལ་ཡི་མུག་དེ་འདྲ་གཞན་ཡང་མཐོང༌། །དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །ཀྱེ་ཧོ་སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི། །མཐུན་རྐྱེན་འཛོམ་པའི་དགོན་གཞིས་འཛིན་པ་ཡང༌། །རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །གྲོང་ཆོག་སྲིའུ་གསོ་འདྲེ་འདུལ་ལ་སོགས་ཀྱི། །ཡོན་ཏན་སྐྱེ་བོའི་དབུས་སུ་བྲིན་གྱུར་ཀྱང༌། །ཟས་ནོར་སྲེད་པས་བདག་བློ་བདུད་ཀྱིས་ཁྱེར། །རང་སེམས་འདུལ་བ་ཁོ་བོའི་སྙིང་གཏམ་ཡིན། །དབུལ་ཕོངས་རྣམས་ལ་ཁྲལ་ཆེན་བསྡུས་ནས་ནི། །རྟེན་ཆེན་བཞེངས་དང་ཡོ་ལང་འགྱེད་ལ་སོགས། །དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ། །རང་སེམས་དགེ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཆེ་འདོད་ཕྱིར་གཞན་ལ་ཆོས་བཤད་དང༌། །ཐབས་མཁས་ཆེན་པོས་མཆོག་དམན་འཁོར་སྐྱོང་བ། །དངོས་འཛིན་སེམས་ཀྱི་ང་རྒྱལ་སྐྱེ་བའི་རྒྱུ། །བློ་སྣ་བསྟུང་བ་ཁོ་བོའི་སྙིང་གཏམ་ཡིན། །ཚོང་དང་བུན་སྐྱེད་གཡོ་སྒྱུ་ལ་སོགས་ཀྱི། །ལོག་འཚོས་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང༌། །ལོ་འདོད་དགེ་བ་ཆོས་བརྒྱད་དག་གི་རྒྱུ། །ཞེན་ལོག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གཉའ་དང་དཔང་པོ་ཞལ་ལྕེ་ལ་སོགས་ཀྱིས། །གཞན་རྩོད་བསྡུམ་པ་འགྲོ་དོན་ཡིན་སྙམ་ཡང༌། །དེ་ལ་བརྟེན་པའི་ཞེ་འདོད་འབྱུང་བའི་རྒྱུ། །རེ་དོགས་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །མངའ་རིས་ལོངས་སྤྱོད་འཁོར་དང་བསོད་ནམས་དང༌། །སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང༌། །རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད། །སྒྲུབ་ལ་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །གཉེར་པ་ཉེ་གནས་གཙོ་བོ་ལ་སོགས་པ། །ཐབས་ཀ་གྲྭ་སའི་སྲོག་ཤིང་ཡིན་མོད་ཀྱང༌། །གཟུང་འཛིན་བློ་ཡི་སེམས་ཁྲལ་འབྱུང་བའི་རྒྱུ། །འདུ་འཛི་བསྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །རྟེན་མཆོད་དཔེ་ཆ་ཐབ་ཁ་ལ་སོགས་པ། །ཅི་དགོས་ཁུར་ནས་རི་ཁྲོད་འགྲིམ་པ་ཡང༌། །འཕྲལ་ལ་འཛོམ་སྟེ་སྡུག་བསྔལ་རྩོད་པའི་རྒྱུ། །དགོས་མེད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །སྙིགས་མའི་དུས་འདིར་དམུ་རྒོད་འཁོར་རྣམས་ལ། །བཀའ་བཀྱོན་ལ་སོགས་ཕན་སེམས་ཡིན་མོད་ཀྱང༌། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །ཞི་བར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ། །བརྩེ་བའི་མི་ལ་མཚང་ནས་བརྗོད་པ་ཡང༌། །དྲང་པོ་ཡིན་ཀྱང་སྙིང་སྐྲན་འཇུག་པའི་རྒྱུ། །སྙན་པར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ། །བགྲོ་གླེང་བསྟན་པའི་གད་བདར་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་ཉོནམོངས་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང༌། །རང་བསྟོད་གཞན་སྨོད་ཆགས་སྡང་དག་གི་རྒྱུ། །ཐམས་ཅད་བསྐྱུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཐོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། །གཞན་སྐྱོན་བརྟགས་པ་ཤེས་རབ་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་རང་སྡིག་གསོག་པའི་རྒྱུ། །དག་སྣང་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང༌། །ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད། །ཟུང་འཇུག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས། །གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང༌། །ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང༌། །གྲོལ་ལམ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྐལ་མེད་དག་ལ་དབང་བསྐུར་སྦྱིན་པ་དང༌། །སྐྱེ་བོའི་དབུས་སུ་དམ་རྫས་འགྲེམ་ལ་སོགས། །གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ། །བཙུན་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །སྐྱེ་བོའི་དབུས་སུ་གཅེར་རྒྱུག་བྱེད་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང༌། །འཇིག་རྟེན་པ་དག་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ས་ཕྱོགས་འདི་ན་བདག་ཉིད་མཆོག་འདོད་ཕྱིར། །བཙུན་དང་མཁས་ཤིང་བཟང་པོར་སྒྲུབ་པ་ཡང༌། །མཐོན་པོའི་རྩེ་ནས་དམའ་སར་ལྷུང་བའི་རྒྱུ། །ཐང་ལྷོད་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །གང་དུ་སྡོད་ཀྱང་སྒོས་མཛའ་མི་འཚོལ་ཞིང༌། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །དད་ལྡན་ཕོ་མོས་འཚོ་བ་སྦྱར་བྱས་ནས། །བཟང་པོར་བཀུར་ནས་ཚུལ་འཆོས་སྤྱོད་པ་ཡང༌། །གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །རོ་སྙོམས་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན། །བཟོ་རྩིས་སྨན་སོགས་ཡིག་སྣ་དཔག་མེད་པའི། །རྟེན་འབྲེལ་ཐབས་ཀུན་རྣམ་མཁྱེན་རྒྱུ་ཡིན་ཀྱང༌། །སྣ་ཚོགས་མང་པོས་བསམ་གཏན་གཅོག་པའི་རྒྱུ། །ཤེས་བྱ་བསྐྱུང་པ་ཁོ་བོའི་སྙིང་གཏམ་ཡིན། །ནང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་དང༌། །དབེན་པའི་ཁོང་ནས་ཕུན་ཚོགས་སྒྲུབ་པ་ཡང༌། །དོན་ཆུང་ངང་ལ་མི་ཚེ་འཛད་པའི་རྒྱུ། །བྱ་བྱེད་བཤོལ་བ་ཁོ་བོའི་སྙིང་གཏམ་ཡིན། །མཁས་དང་བཙུན་སོགས་སྒྲུབ་ལ་བརྩོན་གྱུར་ཅིང༌། །ཕྱོགས་རིས་ཡོན་ཏན་ཕུལ་ཏུ་ཕྱིན་གྱུར་ཀྱང༌། །གང་ཞེན་དེ་ཡིས་བདག་རྒྱུད་འཆིང་བའི་རྒྱུ། །ཕྱོགས་མེད་ཁྲོལ་ཤེས་ཁོ་བོའི་སྙིང་གཏམ་ཡིན། །ཐོག་སེར་ལ་སོགས་གཏད་སྲུང་སྣ་ཚོགས་ཀྱིས། །གདུལ་དཀའ་འདུལ་བ་ཕྲིན་ལས་ཡིན་སྙམ་ཡང༌། །གཞན་རྒྱུད་བསྲེགས་ཤིང་རང་ཉིད་ངན་འགྲོའི་རྒྱུ། །དམན་ས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་ན་ཡང༌། །ཉམས་ལེན་མ་བྱས་འཆི་ཚེ་དཔེས་མི་ཕན། །སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །རྩེ་གཅིག་སྒྲུབ་ཚེ་ཉམས་དང་གོ་བསྡུར་དང༌། །བསྟན་བཅོས་རྩོམ་དང་ཉམས་དབྱངས་ལེན་ལ་སོགས། །རྩལ་སྣང་ཡིན་ཡང་རྣམ་རྟོག་འཕེལ་བའི་རྒྱུ། །བློ་བྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །རྣམ་རྟོག་སྐྱེས་ཚེ་གཅེར་གྱིས་ལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །སྒོམ་དུ་མེད་པ་སྒོམ་དུ་བཞག་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང༌། །བྱར་མེད་རྟོགས་ནས་སྡོམ་གསུམ་བསྲུང་བ་དང༌། །དམིགས་མེད་སྙིང་རྗེས་འགྲོ་ལ་ཕན་བརྩོན་པ། །ཚོགས་གཉིས་དབྱེར་མེད་ཁོ་བོའི་སྙིང་གཏམ་ཡིན། །མཁས་གྲུབ་བླ་མ་མང་བསྟེན་གདམས་པ་ཟབ་མོའང་ཐོས། །མདོ་རྒྱུད་ཟབ་མོ་འགའ་མཐོང་ཅུང་ཞིག་ནང་དུའང་བརྟགས། །ཤེས་བཞིན་མི་སྤྱོད་ཀྱི་ཧུད་རང་གིས་རང་བསླུས་པ། །བདག་དང་བདག་འདྲའི་ཚུལ་ལ་སྙིང་གཏམ་སུམ་ཅུ་བཤད། །ངེས་འབྱུང་ཡིད་ཀྱིས་འདི་བརྩམས་དགེ་དེས་འགྲོ་བ་ཀུན། །སྲིད་པའི་དགོན་པ་ལས་བསྒྲལ་བདེ་ཆེན་ལ་བཀོད་དེ། །དུས་གསུམ་རྒྱལ་དང་དེ་སྲས་དྲང་སྲོང་ཆེ་རྣམས་ཀྱི། །རྗེས་སུ་སྤྱོད་པའི་སྲས་ཀྱི་ཐུ་བོར་བདག་གྱུར་ཅིག།སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་ངེས་པར་འབྱུང་བ་ཅུང་ཟད་ཀྱི་བློས་བསྐུལ་བས་ཀློང་ཆེན་རབ་འབྱམས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བའོ། །དགེའོ། །


མངའ་རིས་བུ་མོའི་ཏམ་བུར་དྲངས་པའི་གླུ་དབྱངས།
༈ ན་མོ་གུ་རུ༑ ཡར་ལ་བལྟས་པས་ཀ་དག་འོད་གསལ་གྱི་མཁའ་ལ། །ལྷུན་གྲུབ་ཉི་ཟླའི་ཚོམ་བུ་མེ་ཤེལ་ལས་དྭངས་པ། །ལྟ་སྒོམ་སྤྱོད་པའི་རྒྱན་དུ་མེད་ཐབས་ནི་མི་འདུག །ཨོ་ལོའི་སེམས་པ་དགུང་སྔོན་མཐོན་པོ་ལ་ཤོར་སོང་། །མར་ལ་བལྟས་པས་ཁམས་གསུམ་འཁོར་བ་ཡི་གྲོང་ན། །མ་རྒན་འགྲོ་དྲུག་སྣ་ཚོགས་སྡུག་བསྔལ་གྱིས་མནར་འདུག །འདི་འདྲ་མཐོང་བས་སྙིང་རྩ་དབང་མེད་དུ་འདར་ནས། །ཨོ་ལོའི་སེམས་པ་དམ་པའི་ལྷ་ཆོས་ལ་ཤོར་སོང་། །འདི་རུ་བལྟས་པས་རྫ་རི་མཐོན་པོ་ཡི་རྩེ་མོར། །ཁ་ཆར་ན་བུན་རླུང་གི་རེག་བྱས་དང་གཡོགས་པའི། །གཡམ་པའི་སྤྱིལ་ཆུང་ཆགས་མེད་ཞེན་བྲལ་གྱི་ཁང་མཛེས། །ཨོ་ལོའི་སེམས་པ་གངས་ལའི་རྫ་ཁྲོད་ལ་ཤོར་སོང་། །དགྲ་ལ་སྡང་ཞིང་གཉེན་ལ་རང་ཤུགས་ཀྱི་ཆགས་པའི། །སྡེ་དགོན་འདུ་འཛིའི་ཞེན་པ་ཡིད་ཡུལ་ན་མི་འདུག །བསླབ་བྱ་བྱིས་པའི་བསླུ་བྲིད་མ་མཛད་དང་ཨེ་གོ །ཨོ་ལོའི་སེམས་པ་སྣང་ཟོས་གང་བདེ་ལ་ཤོར་སོང་། །སྡིག་ཟས་ཤ་ལ་མཉེས་ཀྱང་གཞན་སྲོག་ནི་མི་གཅོད། །རླུང་གཤོག་རྩེ་སྒྲོ་ངར་མའི་བརྟུལ་ཞུགས་དང་འགྲོགས་ནས། །ལྟ་སྒོམ་ནམ་མཁའི་ཕུ་ཐག་བཙན་ཐབས་སུ་གཅོད་པའི། །ཨོ་ལོའི་སེམས་པ་ཐང་དཀར་རྒོད་སྨུག་ལ་ཤོར་སོང་། །བསམ་མེད་དུད་འགྲོར་སྐྱེས་ཀྱང་དགེ་སེམས་དང་ལྡན་པས། །གཞན་ལ་གནོད་པའི་ཁ་ཟས་དང་ཁ་རུ་མི་འགྲོ །རྩ་དང་མྱུ་གུས་འཚོ་བའི་སྐད་སྙན་གྱི་འདབ་ཆགས། །ཨོ་ལོའི་སེམས་པ་ལྷ་བྱ་གོང་མོ་ལ་ཤོར་སོང་། །རི་དྭགས་སྤང་ལ་བརྩེ་བ་ཚེ་སྔོན་གྱི་ལས་སྨོན། །ཁྲེལ་མེད་ལིངས་པའི་དགྲ་ལ་བྱོལ་ཕྱིན་པས་ལོས་ཆོག །གང་བྱུང་ཟས་ཀྱི་ཡང་རྩེ་རྩ་ཆུ་རུ་འདུག་པས། །ཨོ་ལོའི་སེམས་པ་ཤ་བ་སྨུག་ཆུང་ལ་ཤོར་སོང་། །ཁ་སང་ཕུང་པོ་བྱ་ལ་གཏོར་ཤུལ་དེ་མཐོང་བས། །གཞོན་པའི་སྒྱུ་ལུས་ལ་ཁའི་ན་བུན་དུ་གོ་བྱུང་། །ལུས་སེམས་བྲལ་ཀྱང་ཚོར་བའི་སྡུག་བསྔལ་ལས་གྲོལ་པའི། །ཨོ་ལོའི་སེམས་པ་འོད་གསལ་ཆོས་སྐུ་ལ་ཤོར་སོང་། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ཚད་ནི་མི་འདུག །བྱ་བྱེད་མང་པོ་ངན་སོང་འཁོར་བ་ཡི་གཏིང་རྡོ། །བྱར་མེད་ངང་ནས་ས་ལམ་ཆིག་ཆོད་དུ་འགྱུར་བའི། །ཨོ་ལོའི་སེམས་པ་མ་བཅོས་ལྷུག་པ་ལ་ཤོར་སོང་། །གྲངས་མེད་གསུམ་གྱི་སྒུག་ཡུན་བཙོགས་ས་ན་མི་འདུག །སྡོམ་པ་གསུམ་གྱི་ངོ་བོ་རང་རིག་ལ་རྫོགས་སོང་། །ད་ལྟའི་ཤེས་པ་སངས་རྒྱས་རློན་པ་རུ་འདུག་པས། །ཨོ་ལོའི་སེམས་པ་འོད་གསལ་རྫོགས་ཆེན་ལ་ཤོར་སོང་། །དབེན་པའི་རི་ངོགས་གངས་ལ་རྗེའུ་ཡི་རྫ་ཁྲོད། །སྐུ་མཚམས་དམ་པོ་ཁ་ཆར་ན་བུན་གྱིས་བསྡམས་ཚེ། །དགའ་སྐྱོ་འདྲེས་པའི་ཉམས་སྣང་བན་བུན་གྱི་ངང་ནས། །སྒྱུ་མའི་རྣལ་འབྱོར་མཁྱེན་བརྩེའི་འོད་ཟེར་གྱི་སྨྲས་སོ། ། ། །ཞེས་པའང་རང་རྣམ་ཡོངས་འདུའི་སྙེ་མ་ནས་རིག་འཛིན་སྐར་མས་བཤུས་པའོ། །

རིག་འཛིན་འཇིགས་མེད་གླིང་པའི་ཡིན་ལུགས་བཞི་ཡི་མགུར་གླུ།
༈ ལྟ་བ་བློ་འདས་ཀྱི་ཕོ་བྲང་ན། །སྒོམ་པ་ཡེངས་མེད་ཀྱི་རྒྱལ་པོ་བཞུགས། །སྤྱོད་པ་མཐའ་གྲོལ་གྱི་མངའ་ཐང་ཆེ། །དཔོན་མཇལ་གོ་ཆོད་པ་ཞིག་འདི་ན་གདའ། །འཇིག་རྟེན་པའི་མི་དཔོན་གང་དགྱེས་མཛོད། །མ་བཅོས་ལྷུན་གྲུབ་ཀྱི་འདུན་ཁང་ནང་། །སྣང་རིག་ཟུང་འཇུག་གི་བཙུན་མོ་བཞུགས། །བདེ་གསལ་སྟོང་ཉིད་ཀྱི་བཞིན་རས་མཛེས། །མོ་གྲོགས་གོ་ཆོད་པ་ཞིག་འདི་ན་གདའ། །གཡོན་ཅན་གྱི་སྒེག་མོ་གང་དགྱེས་མཛོད། །ཞེན་མེད་རང་གྲོལ་གྱི་མངའ་རིས་ན། །ལུང་རྟོགས་ཡོན་ཏན་གྱི་བློན་པོ་བཞུགས། །ཐོས་བསམ་སྒོམ་སྒྲུབ་ཀྱི་བློ་གྲོས་ཆེ། །མི་འདུན་སྟབས་མཁས་པ་ཞིག་འདི་ན་གདའ། །དཔྱད་འཁྱོག་པོར་བཏང་རྣམས་གང་དགྱེས་མཛོད། །རྒྱུད་ལུང་མན་ངག་གི་མཛོད་ཕུགས་ན། །ཡང་ཏིག་ཡིད་བཞིན་གྱི་ནོར་བུ་བཞུགས། །དགོས་འདོད་ཀུན་འབྱུང་གི་ནུས་པ་ཆེ། །གསེར་གྱི་ཡང་ཞུན་ཞིག་འདི་ན་གདའ། །ཟབ་དགུའི་མཆིང་བུ་རྣམས་གང་དགྱེས་མཛོད། །དབྱིངས་རིག་ཟང་ཐལ་གྱི་ཀློང་ཆེན་ན། །ཐེག་བརྒྱད་ཟིལ་གནོན་གྱི་གསེར་འཁོར་བཞུགས། །འཁོར་འདས་དབང་བསྒྱུར་གྱི་འོད་ཟེར་ཆེ། །རྒྱལ་ཐབས་སྤྱི་བླུགས་ཤིག་འདི་ན་གདའ། །འཁོར་ལོས་བསྒྱུར་རྒྱལ་རྣམས་གང་དགྱེས་མཛོད། །བདེན་གཉིས་ཟུང་འཇུག་གི་ནགས་ཁྲོད་ན། །སྐུ་གསུམ་རང་ཆས་ཀྱི་གླང་པོ་བཞུགས། །ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་ཆེ། །འགྲན་གྱི་དོ་མེད་ཅིག་འདི་ན་གདའ། །ས་བསྲུང་དབང་པོ་རྣམས་གང་དགྱེས་མཛོད། །ཐོས་བསམ་ཕྱོགས་མེད་ཀྱི་ནེའུ་གསིང་ན། །སྒོམ་པ་རང་གསལ་གྱི་ཅང་ཤེས་བཞུགས། །ས་ལམ་ཆིག་ཆོག་གི་བང་འགྲོས་མགྱོགས། །རྫུ་འཕྲུལ་ཤེད་ལྡན་ཞིག་འདི་ན་གདའ། །ཨ་ཤྭ་མཇུག་རིང་རྣམས་གང་དགྱེས་མཛོད། །དཀྱིལ་འཁོར་གསུམ་ལྡན་གྱི་གཡུལ་ངོ་ན། །བསྲུང་བཟློག་གསད་གནན་གྱི་དམག་དཔོན་བཞུགས། །འོད་ཟེར་སྤྲོ་བསྡུ་ཡི་དམག་མི་རགས། །རྒྱལ་འགོང་ཚར་གཅོད་ཅིག་འདི་ན་གདའ། །ཀི་ཀི་བསྭོ་བསྭོ་རྣམས་གང་དགྱེས་མཛོད། །འདི་མི་དབང་ང་ཡི་ཁྱད་ནོར་ཡིན། །རྒྱལ་ཕྲན་ཀུན་ལ་ཡོད་མ་ལགས། ། ༈ ནམ་འཆི་ཆ་མེད་ཀྱི་རི་སུལ་ན། །ཚེ་སྲོག་ཧུབ་འདེབས་ཀྱི་འཆི་བདག་བཞུགས། །ཅིས་ཀྱང་མི་ལྡོག་པའི་ནུས་མཐུ་ཆེ། །དགྲ་འཇིགས་གོ་ཆོད་པ་ཞིག་འདི་ན་གདའ། །གློ་བུར་གྱི་དགྲ་བོ་གང་དགྱེས་མཛོད། །ལས་འབྲས་བསླུ་མེད་ཀྱི་ཚོང་འདུས་ན། །བདེ་སྡུག་རྣམ་འབྱེད་ཀྱི་ཚོང་དཔོན་བཞུགས། །བཟན་ངན་འདོར་ལེན་གྱི་ནོར་ཉམས་ཆེ། །དཔྱད་ཤིན་ཏུ་གཟོད་པ་ཞིག་འདི་ན་གདའ། །གཡོ་འཕྲུལ་གྱི་རྒྱ་པ་གང་དགྱེས་མཛོད། །འཁོར་བ་སྡུག་བསྔལ་གྱི་ཆུ་འགྲམ་ན། །ཞེན་པ་རང་ལོག་གི་གྲུ་དཔོན་བཞུགས། །ཐག་པ་སྣ་ཚོགས་སྒྲོལ་འདོན་མཁས། །མི་དལ་འབྱོར་དོན་ལྡན་ཞིག་འདི་ན་གདའ། །འདོད་གདུངས་ཀྱི་དེད་དཔོན་གང་དགྱེས་མཛོད། །ཤེས་པ་རང་གསལ་གྱི་སྤང་ལྗོངས་ན། །རྣམ་རྟོག་འཚོ་སྐྱོང་གི་རྫི་བོ་བཞུགས། །ཤར་གྲོལ་རྗེས་མེད་ཀྱི་ར་ལུག་མང་། །མི་སེམས་བསྐྱེད་ཅན་ཞིག་འདི་ན་གདའ། །གླ་འདོད་ཀྱི་རྫི་བོ་གང་དགྱེས་མཛོད། །ནང་རྡོ་རྗེའི་ལུས་ཀྱི་གཙང་ཁང་ན། །ཕུང་ཁམས་གནས་དག་གི་ལྷ་ཚོགས་བཞུགས། །མ་བཅོས་ལྷུན་གྲུབ་ཀྱི་ཞལ་ཕྱག་མཛེས། །ལྷ་བྱིན་རླབས་ཅན་ཞིག་འདི་ན་གདའ། །ཕྱི་འདུས་བྱས་ཀྱི་ལྷ་ཁང་གང་དགྱེས་མཛོད། །དེ་འཁོར་བ་དཔེ་ལ་གྲངས་པ་ཡིན། །མྱང་འདས་དོན་ལ་སྦྱར་བ་ཡིན། །ཟུང་འཇུག་གནད་འགག་ཤེས་པ་ཡིན། །སྙིང་གཏམ་གྲོས་སུ་བཏབ་པ་ཡིན། །ཡིན་ལུགས་བཞི་ཡི་མགུར་གླུ་ཡིན། །གསུང་གི་དབྱེན་གནས་མཆིམས་ཕུ་ཡི། །དབང་ཆེན་ནགས་ཀྱི་དུར་ཁྲོད་ཆེ། །མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུགས། །སྡིག་ཅན་སྐྱེ་བོའི་རྒྱུ་འགྲུལ་མེད། །བྱ་ཚོགས་སྙན་པའི་གསུང་གླུ་ཀྱུར། །ན་བུན་དཀར་པོའི་མགུལ་དར་མཛེས། །རྫ་ཆུ་བསིལ་བ་ལྷུང་ལྷུང་བབ། །བུང་བ་མང་པོའི་འཕུར་ལྡིང་གཡོ། །ཉམས་རྟོགས་རྩོལ་མེད་འཆར་བའི་གནས། །རང་བྱུང་བྲག་གི་ཁང་མཛེས་ནང་། །རྡོ་རྗེ་སྙིང་པོའི་རྣལ་འབྱོར་པ། །དབང་ཆེན་མཁྱེན་བརྩེའི་འོད་ཟེར་གྱིས། །བློ་ལ་ཤར་ནས་བྲིས་པ་ལགས། ། ཞེས་པ་འདི་ནི་ རིག་འཛིན་འཇིགས་གླིང་གི་རང་རྣམ་ཡོངས་འདུའི་སྙེ་མ་དཔེ་ཆ་ཤིན་ཏུ་རྙིང་པ་ཞིག་ནས་རིག་འཛིན་སྐར་མས་རྗེས་དཔག་གི་སྒོ་ནས་སུག་བྲིས་བྱས་ཏེ་བཤུས་པའོ། །