༈ ཨ་ཧོ༑ སྣང་སྲིད་པདྨ་འོད་ཀྱི་ཕོ་བྲང་གི་འདུ་བར། །གསལ་མདངས་འགག་མེད་བདེ་ཆེན་ལོངས་སྤྱོད་ཀྱི་འཆར་སྒོ །བློ་འདས་གཉུག་མའི་གཤིས་ལ་ཁ་ཡན་དུ་ཀློད་པས། །སྐུ་གསུམ་དོན་གྱི་པད་འབྱུང་སྙིང་དབུས་ནས་མཇལ་བྱུང་། །དལ་རྟེན་ནོར་འཛིན་དཔྱིད་ཀྱི་ལང་འཚོ་ཡིས་མྱོས་ཤིང་། །སྨིན་གྲོལ་དབང་དང་གདམས་པའི་སྦྲང་ཆར་གྱིས་རླན་པས། །དད་དམ་ལྕང་ལོའི་ལྗོན་མོ་ཡིད་དགའ་ཡིས་གཏམས་པ། །ཉམས་རྟོགས་སྙེ་མ་དུད་པའི་རྟེན་འབྲེལ་ལ་ཡག་བྱུང་། །ལས་སྨོན་མཐུན་པའི་མཆེད་དང་ལྕམ་སྲིང་གི་ཚོགས་རྣམས། །གོ་ཡུལ་གཏིང་ནས་ཤར་བའི་ཚོགས་འཁོར་ལ་ཕེབས་དང་། །རིག་པ་ཁོང་ནས་བརྡོལ་བའི་ལྷ་ཚོགས་ཀྱི་གྲལ་འདིར། །བར་རྐྱེན་གྲོགས་སུ་དྭངས་པའི་བྱིན་ཆེན་ཞིག་ཡོད་དོ། །མ་སྐྱེས་སེམས་ཉིད་ཀ་དག་སྤྲོས་བྲལ་གྱི་ཀློང་ན། །མ་འགག་བདེ་བ་ཆེན་པོར་སྐྱིད་ཉལ་ཅིག་རྒྱག་པས། །མ་དང་མཁའ་འགྲོའི་སྙིང་ཐིག་བདུད་རྩི་ཡིས་མྱོས་ཏེ། །མ་དག་སྣང་བ་ཟད་པའི་སྐར་མདའ་ཞིག་མཐོང་བྱུང་། །ཐུགས་རྗེ་རོ་གཅིག་སྙོམས་པའི་བརྟུལ་ཞུགས་ཀྱི་སྤྱོད་པས། །རང་བཞིན་དབྱིངས་ཀྱི་མཁའ་འགྲོ་བདེ་འཁྱིལ་གྱི་མལ་ན། །ངོ་བོ་གདོད་མའི་གཞི་དང་ལྷན་གཅིག་ཏུ་གཤིབ་སྟེ། །གཞོན་ནུ་བུམ་སྐུར་སྦྱོར་བའི་དངོས་གྲུབ་ཅིག་ཞུའོ། ། ། །ཞེས་པའང་། ཆུ་ཕོ་སྟག་ལོ་བོད་ཟླ་༢ པའི་ཚེས་༡༤ ཉིན། རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་དུ། མཁའ་འགྲོ་བདེ་ཆེན་སྣང་སྐྱིད་ཀྱིས་བཤམས་པའི། རིག་འཛིན་འདུས་པའི་ཚོགས་འཁོར་གྱི་ཞར་ལ། ཨོ་རུ་སུའི་ཡོངས་འཛག་གི་བདུད་རྩིས་ངོམས་པའི། རིག་འཛིན་རྒྱུ་སྐར་གྱི་དབང་པོའམ། མིང་མེད་བེམ་རིག་མཉམ་འབྱར་གྱི་གོག་ཧྲུལ་དེས་ཉམས་འུར་ཞོར་དུ་བཀོད་པ་དགེའོ། ། ། །
Updated on 01/24/2024