༈ སྒྲ་སློབ་ཞིང་གཤེགས་ལེགས་བཤད་རྒྱ་མཚོའི་མཛད་རྣམ་མདོར་བསྡུས། རྩོམ་སྒྲིག་པ། སློབ་བུ་དབང་འདུས་ཕོ་བྲང་བ།
༄༅། །སྨན་ལྗོངས་ནགས་མོའི་སྐྱེད་ཚལ་ག་ལ་བར། །མཁས་གྲུབ་ཀུ་མུད་ཡོངས་སུ་བཞད་པའི་དབུས། །མཆོག་འཛིན་བུ་མོའི་ཡིད་དབང་འཕྲོག་པའི་གཉེན། །ལེགས་བཤད་རྒྱ་མཚོའི་པདྨོ་དེ་ལ་འདུད། །ཅེས་པའི་གུས་བཏུད་ཀྱི་ཚིག་ཕྲེང་དང་བཅས་གང་ཞིག་གླེང་བར་བྱ་བ་ནི། མཁས་པའི་དབང་པོ་སྒྲ་སློབ་ཞིང་གཤེགས་ལེགས་བཤད་རྒྱ་མཚོའི་མཛད་རྣམ་མདོར་ཙམ་སྟེ། དེ་ཡང་མཁས་དབང་ལེགས་བཤད་རྒྱ་མཚོ་ནི། གནམ་ལོ་མེ་མོ་ཕག་ལོ་དབྱར༌ཟླ༌ར༌བའི༌ཚེས༌༡༡། ཕྱི་ལོ་༡༩༤༧ ཕྱི་ཟླ་༥ པའི་ཚེས་༣༠ དལ་འགྲོ་ཞེས་པའི་ནམ་གྱི་ཐོ་རངས་ལ། ཡབ་རྗེ་སྐུ་དྲག་རྡོ་ཕུག་དང་། ཡུམ་ཕུར་པ་སྒྲོལ་མའི་སྲས་སུ། འབྲུག་སྤུང་ཐིམ་གྱི་མངའ་འདུས། དགེ་བཅུ་ཡོངས་སུ་ཚང་བའི་ཡུལ། སྟོད་སྨན་ཆུང་དུ་གྲགས་པ་དེར། བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་བལྟམས། མཚན་ལ་ཀུན་ལེགས་རྒྱལ་མཚན་དུ་གསོལ། སྐུ་ན་ཕྲ་མོ་ནས་དཔལ་ལྡན་འབྲུག་པའི་ཆོས་སྒོར་ཞུགས། སྤུང་ཐིམ་གྲྭ་ཚང་གི་གཞུང་སྦུག་གྲལ་པར་གྲགས་པའི་འདུས་སྡེར་གཏོགས། གར་ཐིག་དབྱངས་གསུམ་ལ་སྦྱང་བརྩོན་ཐིལ་ཕྱིན་གནང་ཞིང་། ལྷག་པར་དུ་སྒྲ་དང་ཚད་མ་ལ་སོགས་པའི་རིག་གནས་ཀྱིས་ཡིད་དབང་ཅིག་ཅར་དུ་འཕྲོག་པས་ཆུང་དུས་ནས་གྲྭ་ཚང་དུ་ཡོད་པའི་སྒྲ་སྡེར་ཞུགས་ཏེ་སློབ་གཉེར་མཛད།
ཕྱི་ལོ་༡༩༦༡ ལ་འབྲུག་ས་སྐྱོང་འཇིགས་མེད་རྡོ་རྗེ་དབང་ཕྱུག་དང་རྒྱལ་མོ་ལྷ་ལྕམ་སྐལ་བཟང་དབང་མོས་རྒྱུ་སྦྱོར་ཐོག དིལ་འགོ་མཁྱེན་བརྩེ་རིན་པོ་ཆེས་དབང་རྩེ་ནང་པའི་རིག་གཞུང་སློབ་གྲྭ་ཐོག་མར་ཚུགས་དུས། འདུས་པ་དང་པོའི་དགེ་ཕྲུག་ཏུ་ཞུགས། དུས་ཡུན་ཚེགས་ཅིག་ལ་རིག་པའི་གནས་ཆུང་ལྔར་མཁས་པའི་མཚན་བརྙེས། ཕྱིས་སུ་བུམ་ཐང་ཐར་པ་གླིང་། འབྲས་ལྗོངས་འཕྲེལ་སེལ་རྫོང་སར་དང་། བལ་འབྲུག་ཕ་སྡིངས་སོགས་སུ། བླ་མ་རྒྱལ་དབང་ཉི་མ། མཁན་པོ་བརྩོན་འགྲུས་དང་ཟླ་བ་འོད་ཟེར། མཁན་ཆེན་ཀུན་དགའ་དབང་ཕྱུག་དང་བློ་གྲོས་བཟང་པོ། ལྷག་པར་དུ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་གྲུབ་དབང་དགེ་འདུན་རིན་ཆེན་ལ་སོགས་པའི་ཞབས་སོར་བསྐྱོད་དེ། རིག་པའི་གནས་ཆེན་ལྔའི་ཡ་གལ། ནང་དོན་རིག་པའི་གཞུང་ལ་གསན་སྦྱང་ཕུལ་ཕྱིན་མཛད་པས། མཁས་པའི་དབང་པོའི་མཚན་སྙན་ལེགས་བཤད་རྒྱ་མཚོར་གྲགས་པའི་འབྲུག་སྒྲས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷ་ལམ་ཁེངས་པ་བྱུང་།
ཇི་ལྟར་ཐོས་བསམ་ལན་ཚྭའི་ཆུས་སྨིན་གྲོལ་གྱི་སྐོམ་གདུང་མི་སེལ་བ་བཞིན་དུའམ། འཕགས་པ་རྟག་ཏུ་ངུས་ཆོས་འཕགས་བཙལ་བའི་ངོ་མཚར་གྱི་རྟོགས་བརྗོད་ལྟ་བུར། དམ་པ་དེས་ཀྱང་དཔལ་འབྲུག་བསྟན་པའི་སྲོག་ཤིང་སྐྱབས་རྗེ་ཡེ་ཤེས་སེངྒེ་དང་བསྟན་འཛིན་དོན་ཀུན་གྲུབ་པའི་ཞབས་སར་བཅར། ན་རོ་ཆོས་དྲུག་གིས་གཙོས། ཕྱག་ཆེན་གདམས་ངག་སྡོང་པོ་གསུམ་སྒྲིལ། རས་ཆུང་སྙན་རྒྱུད་ལ་སོགས་པའི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཞུས། ལྕགས་རི་རྡོར་གདན་སོགས་སུ་སྒྲུབ་པ་ཉམས་ལེན་ལ་གཞོལ་བས་བཀའ་བརྒྱུད་གོང་མའི་རྒྱལ་སར་ཚེགས་ཅིག་ལ་ཕེབས། སྐུ་ཁམས་སྡེ་སྣོད་གསུམ་གྱི་དར་ཅོག་ལ་རྒྱུད་སྡེ་རྣམ་བཞིས་བསྐྲུན་པའི་མཆོག་ཐུན་གྱི་དངོས་གྲུབ་ཡིད་བཞིན་ནོར་བུའི་ཏོག་གིས་སྤྲས་ཤིང་། རིག་གནས་ཆེ་ཆུང་ལྔས་གཙོས་པའི་ནང་དོན་རིག་པའི་གྲུབ་མཐའི་རྒྱན་དང་། དམ་པའི་ཚུལ་དགུའི་དར་གྱི་ཤམ་བུས་མཛེས་པར་རླུབས་པའི་དོན་རྒྱུད་བསྟན་པའི་རྒྱལ་མཚན་དུ་གྱུར།
ཕྱི་ལོ་༡༩༨༨ ལོར་འབྲུག་པའི་གཙུག་ནོར་ཆོས་རྒྱལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་སྐྱབས་རྗེ་བསྟན་འཛིན་དོན་ཀུན་གྲུབ་པ་ཟུང་གིས་བཀའ་ལུང་ཟབ་མོ་བསྩལ་བ་ལྟར། འབྲུག་གཞུང་འབྲེལ་བཤད་གྲྭའི་སྔ་ཤོས་རྟ་མགོ་ནང་པའི་མཐོ་སློབ་གཞི་འཛུགས་གནང་། ལོ་ངོ་བཅུ་གཅིག་གི་རིང་བློ་གསར་གཞོན་ནུས་གཙོས་པའི་བླ་སྤྲུལ་ལ་སོགས་པའི་ཞལ་སློབ་གནམ་གྱི་སྐར་མ་ཙམ་ལ་སློབ་སྟོན་ངལ་མེད་གནང་སྟེ། བསྟན་པ་འཛིན་པའི་སྐྱེས་བུ་དུ་མ་གསར་བསྐྲུན་མཛད། དམ་པ་དེ་ནི་མཁས་བཙུན་བཟང་གསུམ་གྱི་དབང་པོ་བསྙོན་དུ་མེད་པ་ཞིག་སྟེ། མཁས་པས་ཞལ་མཇལ་བ་ཙམ་གྱིས་བློ་ལྡན་གྱི་ཡིད་ལ་དྭངས་བ་འདྲེན་ནུས་པ་དང་། བཙུན་པས་གསུང་ཐོས་པ་ཙམ་གྱིས་གང་ཟག་ཕལ་པའི་སེམས་ངལ་ཀྱང་སེལ་ནུས་པ། བཟང་བས་སློབ་སྟོན་གནང་དུས་སུ་སློབ་བུ་རེ་རེའི་མོས་བསམ་དབང་པོའི་ནུས་སྟོབས་དང་མཐུན་པ་ཁོ་ནར་དགོངས་ཏེ་བསླབ་སྟོན་མཛད་པས། མཁས་པའི་བུ་སློབ་ཀྱང་བརྒྱ་དང་སྟོང་བྱུང་ཡོད་པ་ནི་འབྲེལ་ཡོད་རྣམས་ལ་མཐོང་ཆོས་སུ་གྱུར་པའོ།
ཕྱི་ལོ་༡༩༩༩ ལོར་དཔལ་འབྲུག་ཆོས་སྡེའི་དབུ་ཁྲིད་སྐྱབས་རྗེ་ཁྲི་རབས་༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པའི་བཀའ་བཞིན། འབྲུག་གཞུང་དགེ་འདུན་གྲྭ་ཚང་ལྟེ་བའི་སྒྲ་པའི་སློབ་དཔོན་དུ་གྲགས་པའི་ཆོས་སྡེའི་བཀའ་བློན་གྱི་གོ་གནས་སུ་ཕེབས། སྨན་ལྗོངས་ནགས་མོའི་གླིང་གི་ཁ་བཞིའི་ས་ཁུལ་ཡོངས་ཀྱི་གྲྭ་ཚང་དགོན་སྡེ་ཁག་ཏུ་སྔོན་ཆད་གར་ཐིག་དབྱངས་གསུམ་མ་གཏོགས་སྦྱང་སྲོལ་མེད་པ་དེ། ཕྱིན་ཆད་ནང་པའི་རིག་གཞུང་ལ་ཐོས་བསམ་བྱ་དགོས་པའི་ལམ་ལུགས་གསར་གཏོད་མཛད། དུས་དེ་ནས་བཟུང་། གྲྭ་ཚང་སྐྱེད་མོའི་ཚལ་ན་བཞད་པའིགྲྭ་པ་ཡིད་དགའི་ཚོགས་རྣམས་ཀྱང་། འབྲི་ཀློག་ཡོན་ཏན་གྱི་སྦྲང་རྩིས་གཏམས་པ་གྱུར། སྤྱིར་གྲྭ་ཚང་སྐུ་མཆོད་འབུམ་སྡེ་ལ་སོགས་པས་ཤིན་ཏུ་བྲེལ་ལག་ཚ་བ་རྣམས་སུའང་རིག་གནས་དུམ་བུ་རེ་ཅིས་ཀྱང་བསླབ་ཐུབ་པའི་རྒྱུད་བསྐུལ་དང་། བྱེ་བྲག་ཏུ་གྲྭ་ཚང་དཀྱིལ་ཆོག་གི་ཕྱག་ལས་ཡངས་བ་རྣམས་སུ། གྲྭ་གཞོན་ཡིད་དགའི་སྦུབས་རྣམས་ལ། རྒྱུ་འབྲས་སྐྱབས་སེམས་སོགས་ཀྱི་ཆོས་བཤད་རླུང་གྱིས་བསྐྱོད་པའི་རྣམ་འགྱུར་ལང་ལོང་དུ་ཡོ་བའི་དགའ་སྟོན་སྤེལ་ཏེ། དད་ལྡན་གྱི་རྐང་དྲུག་དུ་མར་མངོན་ངེས་ཀྱི་ས་བོན་ཐོར་ཐུབ་པ་བྱུང་བའང་དམ་པ་དེ་ཁོ་ནའི་སྐུ་དྲིན་ནོ།
ཕྱི་ལོ་༢༠༠༡ ལོར། འབྲུག་གི་ས་སྐྱོང་སྐུ་འཁོར་ལྷན་རྒྱས་རྣམས་ཀྱིས་སྦྱིན་བདག་མཛད་དེ། འབྲུག་གཞུང་ཁོང་གཏོགས་ཀྱི་གྲྭ་ཚང་རྣམས་སུ་རིག་གནས་སློབ་སྟོན་གསར་དུ་འཛུག་དགོས་པའི་དགོངས་གྲོལ་དང་ འགན་སྤྲོད་གནང་བ་ལ། བསྟན་པའི་ཞབས་ཏོག་ཁྱད་པར་ཅན་དུ་དགོངས་ཏེ། དགོན་སྡེ་ཁག་ནས་བློ་རིག་བཀྲ་བའི་དགེ་འདུན་པ་བཅུ་ཕྲག་གསུམ་ཙམ་བསྡུས། སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་བདེ་བཤེགས་བཀའ་བརྒྱད་ལྷ་ཁང་དུ། རིག་གནས་སློབ་སྟོན་པའི་སློབ་སྦྱོང་ལས་རིམ་དབུ་འཛུགས་གནང། ཟླ་ངོ་དྲུག་གི་རིང་ཐུགས་བསུན་སྤུ་ཙམ་མེད་པར་སློབ་དཔོན་སྐུ་ཉག་ཅིག་གིས་སློབ་སྟོན་ཉིན་ཅིག་ཀྱང་མ་ཆད་པར་མཛད། སྤྱིར་བརྡ་དང་ཐ་སྙད་ཀྱི་རྣམ་བཞག་ལ། དག་ཡིག་ངག་གི་སྒྲོན་མ། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། ལེགས་བཤད་ལྗོན་དབང་དང་དཀའ་གནད་བསལ་བའི་མེ་ལོང་། ནང་དོན་རིག་པའི་ཆ་ལག་ཏུ། མཁས་པ་ལ་འཇུག་པའི་སྒོ་དང་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ། བཤེས་པའི་སྤྲིངས་ཡིག་དང་ཐར་པ་རིན་པོ་ཆེའི་རྒྱན་སོགས་དང་། ཟུར་དུ་སློབ་བུ་ཐུགས་གཏད་རྣམས་ལ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས། སྙན་ངག་ལེའུ་བར་པ་དང་སྒྲ་གཞུང་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ་གནང་སྟེ། བདག་ཀྱང་ལེགས་བཤད་རྒྱ་མཚོའི་གླིང་ན། ཡོན་ཏན་གྱི་ནོར་བུ་ལེན་དུ་སོང་རིན་ཆོག་པའི་དགའ་སྤྲོ་བསམ་ཡུལ་ལས་འདས་པས་ཚིམ་པར་གྱུར།
ཕྱི་ལོ་༢༠༠༢ ལོར་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་འགྲམ་དུ། གཙུག་ལག་ཁང་གྲྭ་ཤག་རྟེན་དང་བརྟེན་པ་བཅས། གསར་བཞེངས་མཛད་དེ་ལེགས་བཤད་འབྱུང་གནས་སུ་གྲགས་པའི་བཤད་གྲྭ་འདི་གཞི་འཛུགས་མཛད། གྲྭ་ཚང་དང་འབྲུག་གཞུང་བློ་གྲོས་ཚོགས་སྡེ། འབྲུག་གི་རྒྱལ་ཡོངས་ཚོགས་འདུ་སོགས་སུ། དགེ་འདུན་དང་འབྲུག་གཞུང་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་བླ་ན་མེད་པ་ཞུས། ཁྱད་པར་དུ་ཕྱི་ལོ་༢༠༠༤ ནས་ལོ་ངོ་༢ ཙམ་དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་པོ་གསར་རྩོམ་གྱི་དབུ་འཁྲིད་མཛད། ཕྱིས་སུ་ས་སྐྱོང་ཆོས་རྒྱལ་འཇིགས་མེད་གེ་སར་ཞབས་ནས་མཆོག་འགྱུར་འབྲུག་ཐུགས་སྲས་ཀྱི་རྒྱལ་རྟགས་ཕུལ་བའང་གཞེས། སྒྲ་སློབ་མཛད་དུས་དང་དགོངས་ཞུས་ཟིན་པའི་རྗེས་སུ་བསྡོམས་མི་ལོ་བཅུ་གཅིག་གི་བར་དུ། ལེགས་བཤད་འབྱུང་གནས་བཤད་གྲྭར་གཏན་འཇགས་ཀྱི་བཞུགས་གདན་ཕབ་ཅིང་། ཉིན་ཅིག་ཀྱང་ཐུགས་དལ་དང་བག་ཕེབས་ཀྱི་ངང་དུ་མི་བཞུགས་ཤིང་། ཐུགས་བསུན་དང་སྐུ་ངལ་སྤུ་ཙམ་མེད་པར། བུ་སློབ་རྣམས་ལ་རིག་ལམ་གྱི་སློབ་སྟོན་དང་། སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་གནང་སྦྱིན་སོགས་འཛད་མེད་དུ་བསྩལ། བསྟན་འགྲོར་ཞབས་འདེགས་ནུས་པའི་བསྟན་འཛིན་གྱི་སྐྱེས་བུ་དང་། བསྟན་ལ་དད་པའི་ཡོན་བདག་གིས་འཛམ་གླིང་ས་མཐར་ཁྱབ་པའི་རྟེན་འབྲེལ་གསར་དུ་བསྒྲིགས།
མདོར་ན། དམ་པ་དེའི་ངོ་མཚར་བ་དང་རླབས་ཆེ་བའི་མཛད་པ་ནི། ན་ཀྲའི་གྲོང་ན་ངན་སེལ་གྱི་རྡུལ་ལྟར་ དཔྱད་བྱའི་ཡུལ་མ་ཡིན་ཀྱང་། རང་ཅག་དད་ལྡན་སྤྱི་དང་བསྟན་འགྲོ་བྱེ་བྲག་གི་ངོར་མཛད་བཞག་རྒྱ་མཚོའི་ངོགས་ཙམ་སྟོན་པའི་དཀྱིལ་ནས། སྐལ་ལྡན་དད་པའི་ཀུ་ཤར་སྦྲོན་པའི་རྣམ་ཐིག་ཙམ་དྲན་པས་ཀྱང་། འབྲེལ་ཚད་རྣམ་མཁྱེན་གྱི་གོ་འཕང་འཐོབ་པའི་སྐལ་བ་རྒྱུད་ལ་བཞག་པའི་ངོ་མཚར་དཔག་མེད་ལ་དགོངས་པའི་སླད་དུ། རང་ཅག་སོ་སྐྱེའི་བློ་ཡུལ་དུ་གཤོང་པའི་ཆུ་ཟླའི་ཟློས་གར་མོས་བསམ་དབང་པོའི་བྱེ་བྲག་ལྟར་སྟོན་པའི་མཐར། འབྲུག་ལུགས་གནམ་ལོ་ཆུ་མོ་སྦྲུལ་ལོ་ འབྲུག་ཟླ་༡༢ པའི་ཚེས་༢ ཕྱི་ལོ་༢༠༡༤ ཟླ་༡ པའི་ཚེས་༣ ཉིན། རི་བོ་གྲུ་རྫིངས་གཉིས་པའི་འགྲམ་དུ། སྒྱུ་མའི་ལུས་ཀྱི་དཀྱིལ་འཁོར་འཇིག་པའི་ཚུལ་བསྟན། དགུང་ཞག་༢༡ ཐུགས་དམ་འོད་གསལ་ཆོས་སྐུའི་ངང་ལས་མ་གཡོས་པར་བཞུགས། ཧོར་ཟླ་དེའི་ཚེས་པ་༢༣ ལ་འཛམ་གླིང་མཐའ་གྲུ་ཀུན་ནས་འདུས་པའི་བུ་སློབ་དང་། དད་ལྡན་སྐྱ་སེར་སྟོང་ཕྲག་གིས་བསྐོར་ཏེ་སྐུ་གདུང་མེ་མཆོད་ཕུལ་དུས། ངོ་མཚར་བའི་རྟགས་དང་མཚན་མ་བསམ་གྱིས་མི་ཁྱབ་པར་བསྟན་པར་མཛད། མཁས་དབང་ཁོང་ནི་མཁས་པ་ཙམ་མ་ཡིན་པར་གྲུབ་པའི་སར་ཡང་གཤེགས་ཟིན་པའི་རྟགས་སུ། སྤུར་ཐལ་དུ་ཡ་མཚན་པའི་རིང་སྲེལ་དུ་མ་དད་ལྡན་བསོད་ནམས་གསོག་པའི་ཞིང་དུ་བཞག་ཡོད་པ་རྣམས་ནི། སྐལ་ལྡན་སློབ་མ་དང་སྦྱིན་བདག་རྣམས་ཀྱི་གྲྭ་ཚང་དང་དགོན་གནས་ཁག་རྣམས་སུ་གདན་འདྲེན་ཞུས། དེ་དག་གི་བསྒུལ་བརྙན་ཐོར་བུ་ངོ་དེབ་དང་རང་ལམ་བརྙན་ལྷེ་སོགས་སུ་མཇལ་དུ་ཡོད་དོ།
དེ་ལྟར་མཁས་དབང་ལེགས་རྒྱ་མཆོག་གིས་མཛད་རྣམ་མདོར་བསྡུས་སྲིན་བུ་མེ་ཁྱེར་གྱི་སྒྲོན་མེ་ལྟ་བུ་འདི་ནི། མཁས་དབང་གང་གི་སློབ་འབངས་སུ་གཏོགས་པ་རིག་པ་འཛིན་པ་རྒྱུ་སྐར་གྱི་དབང་པོའམ། སློབ་དཔོན་གྱིས་གཅེས་མིང་སློབ་བུ་དབང་འདུས་ཕོ་བྲང་བར་བོད་པས། རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་དུའམ། ཨར་འདམ་ཚང་ཚིང་འཁྲིག་པའི་དུར་ཁྲོད་དུ། ཕྱི་ལོ་༢༠༢༢ ཟླ་༧ པའི་ཚེས་༡༥ ཉིན་མོར་བྲིས་པའི་དགེ་བས་ཀྱང་། མཐོང་ཐོས་དྲན་རེག་ཐམས་ཅད་རང་རིག་དོན་གྱི་སློབ་དཔོན་གྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། སླར་སྨྲས་པ། འདི་ནང་ཤཱཀ་ཐུབ་བསྟན་པའི་ལྷ་ལམ་དུ། །མཁས་གྲུབ་མཛེས་མའི་ཁྱུ་ཚོགས་འཁྱིལ་བའི་དབུས། །བསིལ་བྱེད་ལེགས་རྒྱའི་མཁྱེན་བརྩེའི་འོད་ཟེར་གྱིས། །འགྲོ་རྣམས་རྨོངས་པའི་མུན་པ་སངས་གྱུར་ཅིག ། ། །