༈ དཔལ་ལྡན་རྭ་ཧོར་ཐུབ་བསྟན་ཆོས་ཀྱི་གྲགས་པའི་མཛད་རྣམ་ཉུང་བསྡུས། རྩོམ་སྒྲིག་པ། ཡང་སློབ་རིག་འཛིན་སྐར་མ།
Read English Version by Claude
Read English Version by Claude
༄༅། ། ན་མོ་གུ་རུ༑ མདོ་སྔགས་གང་གཱ་འཛིན་མའི་གཏིང་དང་མཐའ། །ཐོས་བསམ་གྲུ་རྫིངས་ཆེན་པོས་ལེགས་དཔོག་པས། །ཉམས་རྟོགས་ཡིད་བཞིན་ནོར་བུའི་གཏེར་ལོན་པ། །དཔལ་ལྡན་རྭ་ཧོར་ཆོས་གྲགས་དེ་ལ་འདུད། །ཅེས་པའི་གུས་བཏུད་ཀྱི་མེ་ཏོག་སྔོན་དུ་གཏོར་ནས་གང་ཞིག་སླེང་བར་བྱ་བ་ནི༑ བླ་མ་དམ་པ་དེའི་ལོ་རྒྱུས་རྡུལ་ཕྲན་གྱི་ཆ་ཙམ་སྟེ། དེ་ཡང་། དཔལ་ལྡན་རྭ་ཧོར་ཐུབ་བསྟན་ཆོས་ཀྱི་གྲགས་པ་ཞེས་པའི་མཚན་སྙན་གྱི་སྒྲ་དབྱངས། གཞན་གསོས་བུ་མོའི་རྣ་བར་ལྷང་ལྷང་དུ་གྲགས་ཤིང་། རྣམ་ཀུན་ཏ་ན་ག་ནའི་མཛེས་མ་ལ་བདེ་དགར་འཁྱུད་པ་ལས། སྐད་ཅིག་མ་གཡོས་པར་སྦས་པའི་རྣལ་འབྱོར་དུ་གྱུར་པའི། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དེ་ནི། བོད་རབ་འབྱུང་༡༥ པ་མེ་བྱི་ཟླ་༡༢ པའི་ཚེས་༣༠ ཕྱི་ལོ་༡༨༧༦ ཟླ་༢ པའི་ཚེས་༣ ལ་ཁམས་སྡེ་དགེའི་ཆབ་ ཀླུ་ཧུའུ་དང་འཛམ་ཐང་རྫོང་གི་དབར་ མདོ་མང་དང་ས་འགོར་གྲགས་པའི་གྲོང་བར་གྱི་ཡུལ་ཆུང་རྭ་ཧོར་ཏུ་སྐུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས་ཏེ་རྭ་ཧོར་དགོན་པར་སློབ་གཉེར་མཛད། ཕྱིས་སུ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའི་ཞབས་ལ་གཏུགས་ཏེ། རྗེ་དེའི་ཞལ་སློབ་གནམ་གྱི་སྐར་ཚོགས་ལྟ་བུའི་བཞུགས་གྲལ་དུ། ཐུགས་སྲས་ཀྱི་མཆོག་གྱུར། འཆད་རྩོད་རྩོམ་གསུམ་གྱི་མངའ་བདག་རྭ་ཧོར་ཆོས་གྲགས་དང་། མཁས་བརྩུན་བཟང་གསུམ་གྱི་ཁྱབ་བདག་གསེར་ཁ་ཆོས་གྲགས་སུ་གྲགས་པ་གཉིས་བྱུང་བའི་ནང་གསེས་ཆོས་གྲགས་སྔ་མོ་དེ་ཡིན། ཁོང་ནི་རིས་མེད་བཤད་སྒྲུབ་ཀྱི་སྒྲོན་མེ་སྤོར་བའི་ཕོ་ཉ་དང་། སྙིགས་དུས་གངས་ལྗོངས་སུ་ཆོས་འཕགས་རྟག་ངུ་ཟུང་གི་བརྟུལ་ཞུགས་བསྐྱངས་པའི་དམ་པ་ཞིག་ཀྱང་ཡིན།
དགུང་གྲངས་ཉི་ཤུ་ནས། རྫོགས་ཆེན་གཞི་རིམ་གྱི་ཐོས་བསམ་མཐར་ཕྱིན་པ་དང་སྔོན་འགྲོའི་ལམ་དུ་ཞུགས་པའི་མོད་ལ། ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱིས་ཞལ་གཟིགས་ཤིང་། མི་དང་མི་ལབ་པ་ལྟ་བུའི་འཕྲིན་ལས་སྒྲུབ་པར་བྱུང་། དེ་ནས་བཟུང་ཚེ་དང་སྒྲུབ་པ་མཉམ་པའི་འདུན་པ་དྲག་པོ་བསྐྱེད་ཅིང་། དེ་དུས་ཀྱི་རྭ་དགོན་མཁན་པོར་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་བའི་དམ་བཅའ་ཕུལ་ཏེ་སྒྲུབ་པ་ལ་གཞོལ། དེ་ཡང་མཁྱེན་བརྩེ་འོད་ཟེར་གྱིས། གྲོག་མཁར་ལྟ་བུར་སྙིང་པོ་མེད་པ་ཡི། །འབྱོར་པ་སོག་ཀའི་སྨིག་རྒྱུ་ལྟར་མཐོང་ནས། །སྲེད་པའི་རྙོག་པ་དྭངས་པའི་མན་ཤེལ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་འགོག་པ་མེད། །ཅེས་གསུངས་པ་ལྟར་ཏེ། རང་གི་ཕ་ཡུལ་དང་ཕ་མ་མིང་སྲིང་ལ་སོགས་པའི་མིང་ཚུན་ཆད་དང་འབྲེལ་མཐའ་བཅད། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད་དེ། གར་སོང་དང་འདིར་འདུག་གི་གཏད་སོ་ནི། གྲྭ་ས་དང་དགོན་གནས་ཁོ་ནར་བྱས་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་རྩ་བ་ནས་སྤོང་བ་ཞིག་ཅིས་ཀྱང་བྱ་སྙམ་པའི་ཞེ་བཅད་དྲག་པོ་མཛད་ཅིང་། ཆོས་སྐྱོང་རྣམས་ལའང་ཚེ་འདི་ལ་དམིགས་པའི་དགོས་འདོད་ཀྱི་འཕྲིན་བཅོལ་ཡེ་མི་བྱེད་པའི་དབུ་མནའ་གཞེས། ཚེ་འདིའི་གཏམ་སྙན་གྲགས་དང་འབྱོར་པ་ལ་འདུན་པ་ཐམས་ཅད། སོག་ཀའི་སྨིག་རྒྱུ་ལྟར་གཟིགས་ཏེ་ཚེགས་མེད་དུ་སྤངས། སྐུ་གསུམ་གྱི་དགོངས་པ་འགོག་མེད་ཀྱི་ལྷ་ལམ་ལྟ་བུ་དེར་བཞུད་དེ། རང་ཅག་མ་འོངས་སྐལ་ལྡན་པདྨོ་རྣམས་ཀྱི་གཉེན་དུ་གྱུར་པའང་། ཇི་ལྟར་རྗེ་རང་གི་དངོས་སློབ་ལུང་རྟོགས་ཆོས་ཀྱི་སྣང་བས། སྙན་ངག་མེ་ལོང་མའི་དཔེར་བརྗོད་དུ། མཁས་དང་གྲུབ་པའི་སྙན་གྲགས་མཐོ་ཡང་རུང་། །སྦས་པའི་བརྟུལ་ཞུགས་བཟུང་བས་དམན་ཀྱང་རུང་། །ཁོ་བོའི་སྐྱབས་རྗེ་ཆོས་ཀྱི་གྲགས་པ་ནི། །ཀླུ་སྒྲུབ་ཞབས་དང་མཚུངས་ཞེས་བརྗོད་པར་འདོད། ། ཅེས་བསྔགས་པ་བཞིན་ནོ།
དེ་ནས། ཇི་སྐད་དུ། ཕྱི་འབྱུང་ལྔ་ལུས་ཀྱི་མཚམས་ཁང་ནང་། །སྙིང་ཨ་ཝ་དྷུ་ཏིའི་མལ་སྒྲོམ་དུ། །སེམས་ཚོགས་དྲུག་རང་སའི་སྐུ་མཚམས་བྱས། །ལུས་བཙོན་འཇུག་གི་མཚམས་ལ་རེ་དོགས་སྤངས། །ཞེས་གསུངས་པ་ལྟར། བསྙེན་མཚམས་སུ་བཞུགས་འཕྲོ་བཤོལ་ཏེ། སླར་ཡང་སློབ་པ་ཐོས་བསམ་ལ་འདོང་བའི་ཐུགས་ཐག་བཅད། ཕྱི་ལོ་༡༨༩༦ ལ་རྫོགས་ཆེན་ཤྲཱི་སིངྷའི་བཤད་གྲྭར་ཞུགས། མཁན་ཆེན་གཞན་ཕན་ཆོས་སྣང་གི་ཞབས་སྤྱི་བོར་བླངས་ཏེ། བཀའ་བསྟན་མན་ངག་གི་སྦྲང་ཆར་གྱིས་ཤེས་རབ་ཀྱི་ཞིང་ས་བརླན། ཐོས་བསམ་སྒོམ་གསུམ་ཅིག་བྱར་གྱི་རྨོ་བརྐོས་མཛད། འཆད་རྩོད་རྩོམ་གསུམ་རྩོལ་ཞོར་གྱི་མྱུ་གུ་བསྐྲུན། མཁས་བརྩུན་བཟང་གསུམ་རང་འབྱུང་གི་འབྲས་བུ་སྨིན། མ་འོངས་གདུལ་བྱ་རྣམས་ལ་འདོད་རྒུ་འབྱིན་པའི་དཔག་བསམ་དུ་གྱུར་པའི་རྟེན་འབྲེལ་བསྒྲིགས། མི་ལོ་དུ་མའི་རིང་ཉིན་མཚན་གཡེལ་མེད་དུ་དམ་པའི་ཚུལ་དགུའི་ས་ལམ་གཞལ་བས། མཁས་ཤིང་གྲུབ་པའི་མཚན་སྙན་ཆབས་ཅིག་ཏུ་ཐོན་པར་མཛད་པའི་ཚེ། རྫོགས་ཆེན་ཤྲཱི་སིངྷའི་བཤད་གྲྭ་དེར། མདོ་སྔགས་གཉིས་ཀར་མཁས་ཤིང་གྲུབ་པའི། སྐྱེས་བུ་ཅིག་མ་གཏོགས་བྱུང་མེད་ན། དེ་ནི་རྭ་ཧོར་ཆོས་གྲགས་ཁོ་ནར་ངེས་ཏེ། དེ་ཡང་། རྗེ་རང་གིས། གཞི་དབྱིངས་གཤིས་ལུགས་ཀྱི་ཕབ་རྩི། །དལ་རྟེན་བུམ་ཆུང་ལ་བཏབ་པས། །ངེས་གསང་ཡོན་ཏན་གྱི་ཉིང་ཁུང་། །འགོག་མེད་རང་ལྡངས་སུ་ལངས་བྱུང་། ། ཞེས་གསུངས་པའི་ཕྱིར་རོ།
དེ་ལྟར་རྗེ་དེ་ཉིད་བྱ་བཏང་གི་བརྟུལ་ཞུགས་སྤྱོད་ཅིང་། ཤེར་སིང་དུ་ཐོས་བསམ་ལ་བཞུགས་དུས། ངུར་སྨྲིག་གི་ན་བཟའ་ཙམ་ཡང་མི་འབྱོར་ཀྱང་། ད་དུང་ཐོས་བསམ་ལས་སྐད་ཅིག་ཙམ་ཡང་མི་གཞོལ་བས། མཚམས་དང་མཚམས་སུ། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བས། ལྟོ་གོས་ཀྱི་གནང་སྦྱིན་བསྩལ་ཞིང་། རྟག་ཏུ་ཐུགས་དགྱེས་པའི་ངང་ནས། ཆོས་པ་ཟེར་བ་རྭ་ཧོར་ཆོས་གྲགས་ལྟ་བུ་ཞིག་དགོས་པ་ཡིན། ཁོ་ལ་ནི། སུས་ཀྱང་འགྲན་ཟླ་མེད་དོ། ཞེས་ཡང་ནས་ཡང་དུ་གསུངས་པར་གྲགས་སོ། ཕྱི་ལོ་༡༩༡༣ ལ། རྫོགས་ཆེན་ཤེར་སིང་ནས། རྭ་ཧོར་བཀྲ་ཤིས་ལུང་རིག་འཆི་མེད་དགའ་ཚལ་དུ་ཕེབས། མཁན་པོའི་འགན་འཁྲི་གཞེས་ཏེ། ལོ་གསུམ་བར་དུ། སོག་བོད་ནས་འདུས་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བཀའ་བསྟན་གྱི་ཆོས་ཀྱི་འཁོར་ལོས་འཚིམས་པར་མཛད། དེ་དུས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བརྩམས་ཀྱང་དགོས་པའི་དབང་གིས་སྤར་དུ་མ་བསྐྲུན་པར་གྲགས། བཤད་གྲྭ་དེ་ནས་མཁས་པའི་མཚན་ཅན་གྱི་ཞལ་སློབ་མང་དུ་བྱུང་སྟེ། ཀ་དག་གཞི་ཀློང་ཡངས་སར་སྐྱིད་ཉལ་ཞིག་བྱས་པས། །ཁ་ཁག་གྲུབ་མཐའི་ཡིད་བྱེད་ན་བུན་བཞིན་དྭངས་སོང་། །ག་ལེར་ལས་ཉོན་མུན་པ་ཡེ་ཤེས་ཀྱིས་བསལ་ཚེ། །ང་ནི་གཞན་ཕན་ཕྲིན་ལས་ཕྱོགས་མེད་དུ་རྒྱས་སོང་། ། ཞེས་ཀྱང་གསུངས་སོ།
ར་ཧོར་དགོན་པ་དེ་ནི། སྣ་དུས་ཀྱི་བོན་དགོན་ཤིན་ཏུ་རྙིང་པ་ཞིག་ཡིན་ཅིང་། (need citation) དགོན་པ་དེ་ཕྱི་ལོ་༡༢༤༠ ཡས་མས་མཚམས་ལ། སོག་དམག་གིས་འཕྲོག་སྟེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོར་ཕུལ་བས། སྒོའི་ཡ་ཐེམ་ལ་ས་པན་གྱི་གསུང་། ༈ སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ང་མཁས་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་ང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གད་མོའི་གནས། ། ཞེས་བྲིས། ས་སྐྱ་པའི་དགོན་པ་རྩ་ཆེན་ཞིག་ཏུ་གྱུར་ནས་མི་ལོ་བརྒྱ་ཙམ་གནས་པར་གྲགས།
སླར་ཕྱི་ལོ་༡༣༥༤ ལ། འབྲི་གུང་དང་ས་སྐྱའི་ཟིང་འཁྲུགས་སྐབས། དགོན་པ་དེ་རྨེགས་མེད་བཟོས། མི་ལོ་བཅུ་ཕྲག་གི་རྗེས། སྙིང་ཏིག་རིང་ལུགས་པས་ཞིག་གསོས་བགྱིས་ཏེ། ག་ལེར་བཤད་སྒྲུབ་ཀྱི་སྡེ་འཛུགས། སྒོའི་ཡ་ཐེམ་ལ། ༈ སྒྲ་རྗེས་དོན་འཇུག་རྟོག་གེར་མི་རྟོན་གྲུབ་མཐའ་ངན་འཇོམས་ངག་གི་དབང་། །སྡེབ་སྦྱོར་དོན་འགྲེལ་སྙན་དངགས་རྒྱན་འདྲོངས་མངོན་བརྗོད་རིག་བྱེད་རྗེས་སུ་མིན། །དུས་སྦྱོར་བཅུ་གཉིས་བདེན་དོན་ལ་རེག་རྟེན་ཅིང་འབྲེལ་འབྱུང་ཀུན་རྫོབ་ཙམ། །དབུ་མའི་གཏན་ཚིག་ཆེན་མོ་རྣམ་བཞིས་རྟག་ཆད་རྒོལ་བ་འཐག་པའི་ཕྱིར། །བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་དྲི་མེད་འོད་ཟེར་སྟོང་དུ་འབར། །ཀློང་ཆེན་འཇིག་རྟེན་དབང་པོའི་དྲུང་ན་རྒྱུ་སྐར་གཞན་དག་གད་མོའི་གནས། ། ཞེས་པ་གསར་དུ་བྲིས། ད་བར་སྔ་སྒྱུར་བའི་ཆོས་བརྒྱུད་འཛིན་པའི་མཁས་གྲུབ་དུ་མའི་འབྱུང་གནས་སུ་གྱུར་ཡོད་སྐད་དོ། (need citation)
རྗེ་རྭ་ཧོར་ཆོས་གྲགས་དེ་ཉིད། སླར་ཡང་ཕྱི་ལོ་༡༩༡༥ ལོར་ཤྲཱི་སིངྷར་ཕེབས། མཁན་ཆེན་གཞན་དགར་སངས་རྒྱས་དངོས་སུ་མཐོང་བའི་དད་པ་དང་། སྤྲུལ་སྐུའི་བླ་མར་ལྟ་བའི་མོས་གུས་དང་། གཟུར་གནས་རྣམ་འབྱེད་ཀྱི་བློ་དང་ལྡན་པའི་སྒོ་ནས། ཇི་སྐད་དུ། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། ། ཅེས་དང་། རིག་པ་རང་ཤར་གྱི་རྒྱུད་ལས། མ་ཡེངས་ཚུལ་གྱིས་ཉན་པས་སློབ། །མན་ངག་སྣོད་དུ་གྱུར་པས་མ། །དེ་ལྟར་དོན་ལྡན་སློབ་མ་ནི། །ཡང་དག་ས་ལ་རབ་ཏུ་གནས། ། ཞེས་དང་། རྣམ་རིག་ལས། ང་རྒྱལ་དང་ནི་མ་དད་དང། །དོན་དུ་གཉེར་བ་མེད་པ་ཉིད། །ཕྱི་རོལ་རྣམ་གཡེང་ནང་དུ་བསྡུས། །ཉན་པའི་སྐྱོན་བྲལ་སློབ་མའི་མཆོག ། ཞེས་གསུངས་པ་ལྟར། སློབ་མའི་མཚན་ཉིད་ཡོངས་སུ་ཚང་བའི་སྒོ་ནས། ལུས་ངག་ཡིད་གསུམ་ཐམས་ཅད་བླ་མར་ཕུལ་ཏེ། ཇི་ལྟར་ན་རོ་པས་ཏེ་ལོ་པ་བསྟེན་པའི་རྣམ་ཐར་ལྟ་བུའམ། ཇི་ལྟར་ཀུན་བཟང་བླ་མའི་ཞལ་ལུང་ནས་བཤད་པའི་བླ་མ་བསྟེན་ཚུལ་ཇི་མ་ཇི་བཞིན་ཉམས་སུ་བསྟར་བའི་སྒོ་ནས། མི་ལོ་བཅུ་ཕྲག་གཅིག་སྐུའི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས་ཏེ་ཞབས་ཕྱིད་ཞུས། བླ་མའི་ཕྱག་མཛོད་ནས་ཁབ་སྐུད་ཙམ་ཡང་སྒེར་སྤྱོད་མི་གནང་བར། དད་དམ་མཚུངས་ཟླ་བྲལ་བའི་ཞབས་ཏོག་ཁོ་ནར་བརྩོན་ཏེ། ཕྱི་རབས་དུས་ཀྱི་བླ་མ་བསྟེན་ཚུལ་གྱི་མིག་དཔེ་བཟང་པོ། དཔེ་ཟླ་དང་བྲལ་བརའཇོག་པར་མཛད། ཚེ་གང་ཇག་རྐུན་བྱེད་པ་ལས་ཀྱང་། བླ་མའི་བང་མཛོད་ནས་ཁབ་སྐུད་ཙམ་བརྐུས་པ་དེ་ཉེས་པ་ཆེ་བ་ཡིན་ནོ། ཞེས་གཞན་ལའང་ཡང་ཡང་གསུངས་པར་གྲགས་སོ།
ཕྱི་ལོ་༡༩༢༥ ལོར་ མཁན་གཞན་དགའ་དཔོན་སློབ་གཉིས། ཁམས་སྡེ་དགེའི་མཎྜལ་དགོན་པའི་འདབ་ཀྱི་རྒྱ་བོ་ཕུའི་རི་ཁྲོད་དུ་བཞུགས་དུས། བོད་ཀྱི་གཙང་མདའ་ཁྱུང་རམ་པ་རྡོ་རྗེ་རྒྱལ་པོའམ། མིང་གཞན་སྣམ་ཁྱུང་རྩེ་རམ་པར་གྲགས་པ་དེས། མཁན་གཞན་དགའ་དབུ་བླར་ཕེབས་དགོས་པའི་ཞུ་བསྐུལ་བྱུང་བར། ང་དལ་ཁོམ་མེད་པས་མི་འབྱོར། འོན་ཀྱང་ང་དང་མཉམ་པའི་ཚབ་ཞིག་གཏང་བགྱི་གསུངས་ཏེ། རྭ་ཧོར་ཆོས་གྲགས་ལ། ངུར་སྨྲིག་གི་ན་བཟའ་ཆ་ཚང་དང་། དབུ་ཞྭ་ཅིག་གནང་སྦྱིན་དུ་བསྩལ་ཏེ། ངུར་སྨིག་འདི་རྣམས་གསོལ་ལ། དབུས་གཙང་ཕྱོགས་སུ་སོང་སྟེ། ཁྱུང་རམ་པ་རྗེས་སུ་ཟུངས་དང་། རྗེས་སུ་ཁྱོད་ཀྱི་བསྟན་པ་ལ་ཁོས་ཕན་པར་ཡིན། དེ་རྗེས་མལ་གྲོ་རྫོང་དུ་སོང་དང་། ལུང་པ་དེར། ཁྱོད་ལ་ལས་ཅན་གྱི་སློབ་མ་སྙན་གྲགས་ཅན་མང་པོ་འབྱུང་བའི་ལུང་བསྟན་ཡོད། ད་ནས་ཕར་རང་ཅག་བུ་སློབ་སླར་མི་ཐུག་པས། ཁྱོད་ཀྱིས་ཚེ་དང་སྒྲུབ་པ་མཉམ་པ་ཞིག་དང་། བཤད་སྒྲུབ་ཀྱི་རྒྱལ་མཚན་ཚུགས་པ་ཞིག་ཅིས་ཀྱང་བྱོས་ཤིག ང་ལ་དེ་བས་ལྷག་པའི་ཞབས་ཕྱིད། ཁྱོད་འདིར་ལོ་བརྒྱ་བསྡད་པས་ཀྱང་མི་ཡོང་ངོ་། ཞེས་པ་ལ་སོགས་པའི་ཞལ་ཆེམས་ལུང་བསྟན་དང་བཅས་མངགས་པས་ འབྲལ་མི་ཕོད་བཞིན་དུ་ ཤ་སེན་གྱེས་པ་ཙམ་གྱི་ཐུགས་གདུང་དང་བཅས་ཆས་སོ།
རྗེ་དེ་ཉིད། སྡེ་དགེ་ ཆབ་མདོ། ལྷོ་རོང་སོགས་བརྒྱུད། ལྷོ་མོན་འབྲུག་ཡུལ་བུམ་ཐང་སྤ་གྲོ་སོགས་སུ་སྦས་པའི་ཚུལ་གྱིས་ གནས་སྐོར་དང་ཁམས་སངས་འབྲེལ་མར་ཕེབས་ཞོར། (need citation)སྐལ་ལྡན་རེ་གཉིས་ལ་དབང་ལུང་ཁྲིད་གསུམ་གྱི་གནང་སྦྱིན་བསྩལ། མཐར་ཕ་རི་དང་གཞི་རྩེ་གྲོང་བརྒྱུད། ཕྱི་ལོ་༡༩༢༦ ལ་ལྷ་སར་ཕྱག་ཕེབས། ཁྱུང་རམ་པ་འབངས་འཁོར་དང་བཅས་པ་རྗེས་སུ་བཟུང། ལོ་གཉིས་བར་དུ་དབང་ལུང་ཁྲིད་གསུམ་བློ་དང་གང་མཚམས་བསྩལ་ཏེ་དབུ་བླར་བཞུགས། དེ་དུས། ངུར་སྨིག་གི་ན་བཟའ་དེས། སྤྱིར་མི་སྐྱའི་ཡོན་བདག་གསར་པ་མང་དུ་འགུག་པ་དང་། ལྷག་པར་དུ་ཆོས་སྡེ་གཞན་གྱི་བླ་བན་སོགས་ཀྱི་རྒྱུད་ལ་ཕྲག་དོག་དང་འགྲན་སེམས་རློང་བའི་རྒྱུར་གཟིགས་ཏེ། ངུར་སྨིག་གི་ན་བཟའ་རྣམས་ཕུད་དེ། ཁྱུང་རམ་པ་བཟའ་ཚོར་གནང་། ངའི་བླ་མ་ཆོས་སྣང་གིས་བསྩལ་བའི་བྱ་དགའ་ཡིན་པས། ཕྱག་རྟེན་གྱིས་ཤིག་གསུངས། ཆོས་གྲགས་རང་ནི། ཁྱུང་རམ་པ་ནས་བླངས་པའི་ཆུ་བག་ཞིག་གསོལ། མི་སྐྱར་བརྫུས་ནས་ལྷ་ས་དང་བསམ་ཡས་གཞི་རྩེ་སོགས་སུ། གནས་མཇལ་དང་ཕྱག་སྐོར་མཛད་དེ་དུས་གདའ་བར་མཛད་དོ།
དེ་ནས། ཕྱི་ལོ་༡༩༢༨ ལ། རྗེ་རྭ་ཧོར་ཆོས་གྲགས་དེ་ཉིད། ལྷ་ས་ནས་མལ་གྲོ་གུང་དཀར་རྫོང་ཕྱོགས་སུ་འཆིབས་བསྐྱོད་གནང་། འཁྱགས་རོམ་གྱི་བྱང་ཐང་འདོམ་གྱིས་གཞལ་ཏེ། ༼ད་ལྟ་ལྷ་ས་ནས་མོ་ཊ་ནང་སྤྱི་ལེ་༡༠༤ ཙམ་དང་ ཆུ་ཚོད་༢ ལྷག་ཙམ་གྱི་འཁོར་ལམ་ཡོད༽ ཞྭ་ལྷ་ཁང་གི་འགྲམ་དུ་བཞུགས་སྒར་ཕབ། གནས་དང་འཚོ་བ་སྒྲུབ་པའི་སྙིང་རུས་སོགས། གྲུབ་དབང་གི་རྒྱལ་པོ་བཞེད་པ་རྡོ་རྗེ་གང་ལ་བ་དེ་དང་གཉིས་སུ་མེད་པར་མཛད་དེ། མཐོང་ཐོས་དྲན་རེག་ཐམས་ཅད་ལ་ངན་སོང་གི་སྐྱེ་སྒོ་ཆོད་པའི་སྐལ་བ་རྒྱུད་ལ་བཞག་པར་མཛད། དེ་ཡང་། གང་གིས་བདག་ནི་མཐོང་དང་ཐོས་པ་དང་། །རྗེས་སུ་དྲན་ནམ་རེག་གམ་གཏམ་དུ་བརྗོད། །བདག་ལ་ལེགས་བཤད་ཐོས་པ་དེ་དག་ཀྱང་། །རིང་པོར་མི་ཐོགས་རྒྱལ་བའི་དབང་པོར་ཤོག ། ཅེས་སྨོན་པ་བཞིན་ནོ། །
དམ་པ་དེས། དེ་ལྟར་སྒྲུབ་པའི་རྒྱལ་མཚན་གྱི་བ་དན་གངས་ལྗོངས་ལྷུན་པོའི་རྩེ་རུ་འཕྱར་བ་ན། ཡི་དམ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱིས་ཞལ་གཟིགས། སྣོད་བཅུད་ཐམས་ཅད་ལྷ་རུ་ཤར་ཏེ། ལོངས་སྐུའི་བླ་མ་སྙིང་དབུས་ནས་མཇལ། མཉམ་བཞག་རྗེས་ཐོབ་དུ་མ་རོ་གཅིག་ཏུ་སོན། ཟབ་གསང་འཛད་མེད་ཀྱི་བདེ་བ་ཆེན་པོར་རོལ་པར་གྱུར་ཏོ། དེ༌ཡང༌རིག༌འཛིན༌མཁྱེན༌བརྩེའི༌འོད༌ཟེར༌གྱིས། གཉིས་འཛིན་འཁྲུལ་པ་ཞིག་པའི་རྣམ་འབྱོར་གྱི་སྣང་ངོར། །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ཐ་དད་དུ་མ་མཐོང་། །ཟུང་འཇུག་བླ་མ་མཆོག་གི་ངོ་བོ་རུ་རྟོགས་པས། །སྐྱེ་འཆི་འཁྲུལ་པའི་རྟོག་བརྟགས་སྒྱུ་མ་རུ་ཤར་བྱུང་། ། ཞེས༌གསུངས༌པར༌ལྟར༌རོ། །
དེ་ལྟར། བཟླས་བརྗོད་རྩེ་གཅིག་སྒྲུབ་པའི་ཏིང་ངེ་འཛིན་གྱི་ངང་དུ། མང་ཐོས་གདམས་པར་ཤར་བའི་ཉམས་དང་རྟོགས་པ་འཕེལ་ཞིང་། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་སུ་ཤར་ཏེ་བཞུགས་པའི་དུས་དེར། དད་ལྡན་གྱི་སློབ་མ་དང་ཡོན་བདག་རྣམས། ཇི་ལྟར་སྐྱེད་མོའི་ཚལ་དུ། བུང་བ་སྤྲིན་གྱི་ཚོགས་བཞིན། མ་བསྡུ་རང་འདུས་སུ་འཁོར་བ་ལྟར་སླེབས་པ་ན། ད་ནི། བླ་མས་བྱང་ཐང་དུ་འགྲོ་དོན་འབྱུང་བར་ལུང་བསྟན་པ་དེ་དུས་ལ་བབ་པར་ཡིན་ནོ་དགོངས། རེ་ཞིག་སྒྲུབ་པ་བཤོལ་ཁུལ་མཛད། ལས་ཅན་གྱི་སློབ་མ་རྣམས་རྗེས་སུ་བཟུང་འགོ་ཚུགས་སོ།
ཕྱི༌ལོ༌༡༩༣༠ ལོར་བཞུགས་སྒར་དེར་ཉི་མ་ལྕང་རའི་བཤད་གྲྭ་ཕྱག་བཏབ། སློབ་མའི་ཡོང་ཁུངས་ཡང་རི་སྒར་དང་། འབྲི་གུང་མཐིལ། ཀ་ཚལ་དགོན། རྫོང་རྩེ་དགོན། བེ་མུ་དགོན། མཁལ་རྡིལ་དགོན་སོགས་དང་། བལ་འབྲུག་སོགས་ནས་འདུས་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ། མཁན་ཆེན་གཞན་ཕན་ཆོས་སྣང་དང་མི་ཕམ་པས་མཛད་པའི་མདོ་སྐོར་གྱི་བཤད་པས་གཙོས། རྗེ་རང་གིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཚིག་ལེའུར་བྱས་པའི་འགྲེལ་པ། གསང་བ་སྔགས་ཀྱི་ཐེག་པའི་རྒྱུད་སྡེའི་མཐར་ཐུག་གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ། འཇམ་དཔལ་མཚན་བརྗོད། ས་ལུགས་སྣང་གསུམ། རྫོགས་ཆེན་ཡེ་ཤེས་བླ་མའི་དམར་ཁྲིད། སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད་སོགས་ཤིན་ཏུ་ཟབ་པའི་མན་ངག་དང་། ཀློང་ཆེན་མཛོད་བདུན། ངལ་གསོ་བསྐོར་གསུམ། ཀུན་བཟང་བླ་མའི་ཞལ་ལུང་ལ་སོགས་པ་ཤིན་ཏུ་ཐུན་མོང་མ་ཡིན་པའི་གཞུང་ཆེན་གྱི་ཆོས་འཁོར་མི་ལོ་༣༠ ལྷག་ཙམ་བསྐོར་བ་མཛད་དེ། མཁས་ཤིང་གྲུབ་པའི་བསྟན་འཛིན་གྱི་སྐྱེས་བུ་བརྒྱ་ཕྲག་མང་པོ་བསྐྲུན་པར་མཛད་དོ། དེའང་དགེ་རིན་པས། ཁོ་བོའི་འདྲེན་མཆོག་ཆོས་ཀྱི་གྲགས་པ་ཡིས། །ཞལ་མཇལ་ཡོངས་ལ་ཆོས་ཀྱི་སྦྱིན་པ་སྩོལ། །དེ་དག་ཀུན་གྱི་ཡིད་ཀྱི་དབང་པོ་ནི། །ལྷག་མ་མེད་པར་ཅིག་ཅར་ཉིད་དུ་ཕྲོགས། ། ཞེས་ཀྱང་བསྔགས་པ་བཞིན་ནོ།
རྗེ་དེ་ལ། ཕྱིས་སུ་གྲྭ་བུ་སློབ་ཤིན་ཏུ་མང་བ་འདུས་པས། ཕྱི་ལོ་༡༩༣༤ ལོར་ཡོན་བདག་གི་གཙོ་བོ། གཙང་མདའ་ཁྱུང་རམ་པ་དེ་ཉིད། བོད་ལྷ་མོ་སྲུང་ངམ་ཐའི་ཇིའི་གོ་གནས་སུ་ཕེབས་པའི་དགའ་སྟོན་དུ། ཅི་དགོས་ཀྱི་རྒྱུ་འབུལ་དང་། བལ་འབྲུག་སོག་བོད་ཀྱི་སློབ་བུ་རྣམས་ཀྱིས། གང་ནུས་ཀྱི་འབུངས་འགུལ་གྱི་ཞབས་ཏོག་བསྒྲུབས་ཏེ། གཙུག་ལག་ཁང་འདུ་ཁང་ཀ་བ་བཅུ་དྲུག་མ། རྟེན་དང་བརྟེན་པ་གྲྭ་ཤག་དང་བཅས་པ་བསྒྲུབས་ཏེ། འཚོ་བ་བསོད་སྙོམས་ལ་བསྟེན་པའི་དགེ་འདུན་གཙུག་ལག་ཐོན་ཚད་རེ་ལ། ཞལ་གྲངས་བཅུ་ཕྲག་བཞི་ལྷག་ཙམ་རེ་འདུས་པའི་སྡེ་གསར་དུ་འཛུགས་པར་མཛད། སྒྲིག་གཞི་ཡང་སློབ་མ་རྣམས་འདུ་ཁང་དུ་བཀའ་ཆོས་གསན་རྗེས་སྐྱོར་སྦྱང་ཁང་ནང་སླར་ཡང་སྐྱོར་དཔོན་གྱིས་ཁྲིད་སྐྱོར་བསྐྱོན། དེ་རྗེས་སྤང་དང་ཉི་མ་དྲོ་ས་སོགས་སུ་ཚོ་ཚོ་བྱས་ནས་བགྲོ་གླེང་དང་། སླར་ཡང་རྗེ་ཉིད་ལ་བཀའ་འདྲི་ཞུས་ཏེ་གཏིང་དཔོག་པར་བྱེད། དགོང་དྲོ་སྲོད་འཁོར་སྔ་ཆར་དགེ་སྐུལ་དང་ལག་རྒྱུག་པས་སྐོར་གཡེང་བྱེད། གྲྭ་ཤག་ནང་སོལ་མེ་ལས་ཐབ་མེ་སྤོར་མི་ཆོག་ཅིང་། རུང་ཁང་ནང་མ་བྱན་གཉིས་ཡོད་པས་གསོལ་ཇ་དུས་ཐོག་ཏུ་བཏང་རྗེས་ཁོག་ལྟིར་མེ་ཕོར་འཁྱེར་ཏེ་ཇ་དང་མེ་འདག་འཐེན་དགོས་པ་དང་། ཞོགས་པ་ཐོ་རེངས་ནས་བཞུན་མར་སྤར་ཏེ་ཉི་དྲོད་བར་སྐྱོར་སྦྱང་བྱེད་དགོས་སྐད། དེ་ལྟར་ལོ་ལྔ་སློབ་གཉེར་བྱས་ན་ཉི་ལྕང་བཤད་གྲྭ་ཐོན་པར་གྲགས་སོ། ༼ཝེ་ཁེ་རིག་མཛོད་ལས་བཏུས༽
དེ་ལྟར་ རྭ་ཧོར་དཔལ་ལྡན་ཆོས་ཀྱི་གྲགས་པ་དེ་ནི། ཕྱི་ལྟར་དགོན་པ་རྟེན་དང་བརྟེན་པ་དང་བཅས་པ་བསྒྲུབས་ཤིང་། སློབ་མ་ཐོས་བསམ་གྱི་ལང་ཚོ་ངོམས་པའི་དགེ་འདུན་སྡེ་དང་ཡོན་བདག་གཏོང་ཕོད་ཅན་ལྷག་བསམ་གྱི་དར་དཀར་ཐོགས་པ་རྣམས་འདུས་ཀྱང་། ནང་ལྟར་གཟུར་གནས་བྱ་བྲལ་གྱི་རྣལ་འབྱོར་པ་མི་སྐྱར་བརྫུ་བ་ལྟ་བུར། གཡག་སྤུས་བཟོས་པའི་ཆུ་བག་གསོལ་བ། མདུན་ཅོག་རྡོ་རིལ་ལས་བྱས་པ། གསོལ་ཚོགས་ངན་ངོན་ཙམ་ལས་མི་གསོལ་བ། རྒྱ་གར་གྱི་གྲུབ་ཆེན་ཏེ་ལོ་པ་དང་ན་རོ་པ་ལྟ་བུའི་སྤྱོད་པ་ཁོ་ན་ལས་མ་གཡོས་པར་བཞུགས་ཏེ། ཇི་སྐད་དུ། དགོངས་བརྒྱུད་དག་པའི་བྱིན་རླབས་སྙིང་དབུས་སུ་བབས་པས། །སྐྱེ་མེད་རིག་སྟོང་རྗེན་པའི་གནས་ལུགས་དེ་མཐོང་བྱུང་། །རྟོག་ཚོགས་རང་སར་དག་པའི་སྣང་བ་འདི་དགའ་ཡོད། །རེ་དོགས་མཐའ་ལས་འདས་པའི་རྣལ་འབྱོར་དེ་སྐྱིད་དོ། །ཞེས་གསུངས་པ་ལྟར། འཕྲལ་སྣང་གི་ཕུན་ཚོགས་དང་རྐྱེན་འཚུབ་ཆེན་པོ་ཅི་གཡོས་ཀྱང་ཆོས་པ་རྣམ་དག་ཉིད་ཀྱི་བ་སྤུ་ཙམ་ཡང་མི་གཡོ་བའི་བརྡར། ཚུལ་འཆོས་ཀླན་ཀའི་རྩོལ་བ་ནི་ཡེ་ནས་མེད་པར། བློ་བདེ་གུ་ཡངས་ཀྱི་ངང་ནས། ཉིན་མོ་རེ་མོས་སུ་ ཆོས་ཐུན་ཁག་གསུམ་གསུམ་ཆད་མེད་དུ་བསྩལ། མཚན་མོ་རེ་མོས་སུ་ ཏིང་ངེ་འཛིན་གྱི་ངང་དུ། གཉིད་དང་འོད་གསལ་རང་བསྲེ་རང་སོར་གྱི་རྣལ་འབྱོར་ངང་དུ། རང་རིག་ཆོས་སྐུའི་བླ་མ་དང་མཇལ་ཏེ་རང་བྱུང་རྟོག་མེད་རྡོ་རྗེའི་ཡིད་ཀྱི་ཐུགས་དམ་ལ་གཞོལ་བར་མཛད་དོ།
ཕྱི་ལོ་༡༩༥༤ ལོར། འབྲུག་པ་དགེ་འདུན་རིན་ཆེན་སྐུ་མདུན་དུ་འབྱོར་བས་ཤིན་ཏུ་དགྱེས་ཏེ། སློབ་ཁྲིད་རེ་རེ་ཟིན་དུས། དགེ་རིན་ལ་ཁྱོད་ཀྱིས། བསྟན་བཅོས་འདི་དང་དེ་ལ་འགྲེལ་མཆན་སོགས་གསར་དུ་བྲིས་ཨང་། ཞེས་ཡང་ཡང་བཀའ་གྲོལ་མཛད། རྗེ་རང་ཉིད་ཀྱི་སྐོར་ལ་ནི་སུས་ཀྱང་རྣམ་ཐར་ལྟ་ཞོགས། ཐ་ན་ཞབས་བརྟན་ཚིག་རྐང་གཅིག་ཙམ་སོགས་འབྲི་བར་ཡང་མི་གནང་སྐད། དགེ་རིན་ཉེ་བའི་ཐུགས་སྲས་སུ་ངོས་བཟུང་། མཚན༌ལུང་རྟོགས་ཆོས་ཀྱི་སྣང་བ་ཞེས་གསོལ། སྔར་གྲོང་པ་དང་ཡོན་བདག་ཚོས་ སྐུ་སྒེར་ལ་ཕུལ་བའི་འབུལ་བ་རྣམས་མི་བཞེས་པའང་། ཕྱིས་སུ་བཞེས་ཏེ། ཐུགས་སྲས༌ལུང་རྟོགས་ཆོས་སྣང༌ལ༌ཆོས༌རྒྱགས༌སུ༌སྟེར་རོ་ཞེས་ཁོང་ལ་བསྩལ་བར་མཛད་དོ། ཕྱི་ལོ་༡༩༥༧ ལ་ དགེ་རིན་ཐོས་བསམ་གྱི་བྱ་སྒོ་བསྡུས་ཏེ་འབྲུག་ལ་ལོག་པ་ན། འགྲོ་ཆོས་སུ། སྙིང་ཐིག་གི་ཟབ༌གསང་བླ༌ན༌མེད༌པའི་མན་ངག་རྣམས། བུམ་པ་གང་བྱོའི་ཚུལ་དུ་གནང་། མཁས་དབང་དགེ་རིན་སླར་འབྲུག་ཡུལ་དུ་ཕེབས། གདན་ས་སྨན་ལྗོངས་གྲོ་བོ་ལུང་གི་དགོན་པ་ཕྱག་བཏབ། བཤད་སྒྲུབ་ཀྱི་སྡེ་འཛུགས། གཉུག་མའི་རང་ཞལ་རྗེན་པར་ལྟ་བའི་རང་བྱན་ཚུད། འབྲུག་པའི་ཆོས་སྡེའི་དབུ་ཁྲིད་ཀྱི་སེང་ཁྲིར་ཕེབས་ཏེ། རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་ཆེན་མཛད། རྗེ་རྭ་ཧོར་ཆོས་གྲགས་ཀྱི་བཀའ་བཞིན། དབུ་མར་འཇུག་པའི་རྣམ་བཤད་ལྟ་གྲུབ་གསལ་བྱེད། སྡོམ་གསུམ་རྒྱན་གྱི་མཆན་འགྲེལ། རྒྱུད་བླ་མའི་རྣམ་བཤད། རྒྱུད་བརྟག་པ་གཉིས་པའི་ཚིག་དོན་རྣམ་བཤད། རིམ་དགུ་ཐེག་པའི་རྣམ་བཞག བྱམས་ཆོས་སྡེ་ལྔའི་སྤྱི་བཤད། ཚད་མ་རྣམ་འགྲེལ་ཚིག་ལེའུར་བྱས་པའི་འབྲུ་འགྲེལ། གཞན་ཡང་བརྡ་དང་ཐ་སྙད་ཀྱི་བསྟན་བཅོས་གྲངས་ཡུལ་ལས་འདས་པའི་ཚིག་འགྲེལ་དང་མཆན་འགྲེལ། པན་ཆེན་བི་མ་མི་ཏྲ། རིག་འཛིན་པདྨ་འབྱུང་གནས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ཀྱི། བླ་སྒྲུབ་རྒྱུན་ཁྱེར་ལ་སོགས་པ། བཀའ་བསྟན་ཉེར་སྤྱོད་ཀྱི་གསུངས་འབུམ་པོད་དགུ་ལྷག་ཙམ་གསར་དུ་བརྩམས་ཤིང་། མཁས་གྲུབ་ཀྱི་སློབ་མ་གྲངས་ཀྱིས་མི་ཆོད་པ་སྐྱོང་བའི་འགྲོ་དོན་ཆེན་པོ་མཛད་དོ།
རྗེ་དེས། འབྲི་གུང་དུ་། སྐལ་ལྡན་འདུས་པའི་ཚོགས་ལ། ཆོས་འཁོར་དང་པོ་བསྐོར་བའི་ཚེ། མཛེས་ཤིང་ཡིད་དུ་འོང་བའི་གཙུག་ལག་ཁང་དང་། སྐྱིད་ཅིང་དྲོད་འཇམ་ལྡན་པའི་གྲྭ་ཤག་ནི་མ་མཆིས་ཏེ། སློབ་མ་སོ་སོས་ས་དོང་དྲུད་ནས་བཟོས་པའི་ས་ཕུགས་གྱེད་ཕུགས་སུ། ངེས་པ་ལྔ་ལྡན་གྱི་དགོངས་པ་ཡོངས་སུ་དག་པའི་ཀློང་། ཚད་མེད་རྣམ་བཞིའི་རྒྱན་གྱིས་ཀླུབས་ཤིང་། འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་དང་། སྒྲིབ་གཉིས་ཡོངས་སུ་སྦྱངས་པའི་ཐབས་ཀྱིས། གཉུག་མའི་གནས་ལུགས་ཉག་གཅིག་ངོ་འཕྲོད་པའི་ཆོས་འཁོར་དུ། དགྱེས་ཤིང་སྤྲོ་བཞིན་བསྐོར་བའོ། དེའི་ཚེ་གལ་ཏེ་ཡོན་བདག་རེ་གཉིས་ཀྱིས་ ཟང་ཟིང་གི་འབུལ་བ་རེ་འབུལ་དུ་བྱུང་ནའང་། རྒྱུ་འབྱོར་བསོད་ནམས་གསོག་པའི་རྒྱུ་ཙམ་དགེ་འདུན་པ་ལ་བཞེས་བཅུག་་པ་མ་གཏོགས། སྐུ་སྒེར་གྱི་ཞབས་སུ་ནི་གང་ཡང་གཞེས་པར་མི་གནང་སྟེ། འཇིག་རྟེན་འདིའི་ཕུན་ཚོགས་ལ། སྲེད་ཞེན་གཏན་ནས་མེད་པའི་སྤྱོད་པ་ཁོ་ན་སྐྱོང་བ་མཛད་དོ། དེ་བཞིན་སློབ་མ་རྣམས་ཀྱང་འཚོ་བ་བསོད་སྙོམས་ཁོ་ནར་བརྟེན་བཅུག་པ་ལས། བསྡུ་གསོག་བྱེད་པ་སོགས་མི་གནང་བའི་སྐོར། ངའི་བླ་མ་རྣམ་དཀར་དོན་ཀུན་གྲུབ་པའི་སྡེས་གསུངས་པ་རྣམས་དྲན་དུས། བདག་སོགས་ཟ་མ་ཞིམ་ལ་དུག་ལོག་དྲོ་བ། མལ་སྟན་འབོལ་ལ་འབྱོར་པ་ཆེ་བའི་དེང་དུས་ཀྱི་ཆོས་པ་རྣམས་ཀྱིས་ནི། རྗེ་དེའི་ཞབས་རྡུལ་གྱིས་རེག་པའི་འབུ་སྲིན་ཞིག་ལའང་འགྲན་མི་ཕོད་ཀྱང་སྙམ་མོ།
དམ་པ་དེ་ཉིད། རང་དོན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། གཞན་དོན་རྒྱུན་མི་ཆད་པའི་འགྲོ་དོན་དུ་བཞེངས་ཚེ། ཉི་མ་ལྟ་བུའི་ཐུགས་སྲས་གཅིག ཟླ་བ་ལྟ་བུའི་ཐུགས་སྲས་བདུན། སྐར་མ་ལྟ་བུའི་སློབ་མ་བཅུ་ཕྲག། ཆོས་འབྲེལ་ཐོབ་པའི་སྐལ་ལྡན་དང་ཡོན་བདག་བརྒྱ་ཕྲག། བཀའ་ལུང་མན་ངག་གི་བརྒྱུད་ལམ་མ་ཆད་པའི་ཡང་སློབ་སྟོང་ཕྲག་ལས་འདས་པ་འབྱུང་བ་རྣམས་ནི། མཚན་ནས་བརྗོད་པར་དཀའ་བས་རེ་ཞིག་རྩོལ་བའི་དགོས་པ་མ་མཐོང་ཀྱང་། ད་ལྟ་རང་དང་འབྲེལ་ཡོད་གསུམ་ཙམ་དམིགས་གསལ་དུ་གླེང་བ་ལ། དང་པོ་ནི་གོང་དུ་བཤད་ཟིན་པའི་འབྲུག་པ་དགེ་འདུན་རིན་ཆེན་ནམ་ལུང་རྟོགས་ཆོས་ཀྱི་སྣང་བ་སྟེ། མཁས་དང་གྲུབ་པའི་དབང་པོ་མཇའ་ལུས་ཆོས་སྐུར་གྲུབ་པའི་སྐྱེས་ཆེན་དམ་པའོ། གཉིས་པ་ནི་ཚངས་ཁ་ནོར་བུ་དབང་ཕྱུག་སྟེ། དུས་རབས་བཅུ་དགུ་པའི་ནང་ འབྲུག་ཡུལ་གྱི་བཤད་གྲྭ་བ་སྔ་ཤོས་དང་དཀར་ནག་རྩིས་དང་རིག་གནས་ཀྱི་སྒོ་འཕར་འབྱེད་པ་པོའི་ཐོག་མའོ། གསུམ་པ་ནི་མཁན་མཆོག་རྣམ་དཀར་དོན་ཀུན་གྲུབ་པའི་སྡེ་སྟེ། ལྷོ་མོན་འབྲུག་ཏུ་བྱ་བཏང་ཉིན་མོའི་སྐར་མ་ཙམ་གྱི་ཁྲོད་དུ་བསྙོན་མེད་ཀུན་ལས་ཕུད་བྱུང་ཤ་སྟག་ཞིག་ལགས་སོ།
མཐར་རྭ་ཧོར་དཔལ་ལྡན་ཆོས་ཀྱི་གྲགས་པ་དེ་ཉིད། ཇི་ལྟར་རིག་འཛིན་གྱི་རྒྱལ་པོ་མཁྱེན་བརྩེའི་འོད་ཟེར་གྱིས། བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནས། །ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཐོང་བྱུང་། །མ་དང་མཁའ་འགྲོའི་སྙིང་ཏིག་འོད་གསལ་གྱི་ཐེག་པས། །འཇའ་ལུས་ཆོས་སྐུར་འགྲུབ་པའི་དངོས་གྲུབ་ཅིག་ཡོད་དོ། ཞེས་གསུངས་པ་ལྟར། རྡོ་རྗེའི་གསུང་བྱིན་ཅན་གྱི་དོན་ཉམས་སུ་བསྟར་བའི་སླད་དུ། མཚན་བཅས་མཚན་མེད་ཀྱི་དབྱིངས་སུ། བདེ་གསལ་མི་རྟོག་པའི་བླ་མ་ངོ་བོ་ཉིད་སྐུའི་རྒྱལ་ས་ཟིན་པའི་བརྡར། དཔལ་ལྡན་བླ་མ་གཞན་ཕན་ཆོས་ཀྱི་སྣང་བས། ལུང་བསྟན་པའི་འགྲོ་དོན་འཕྲིན་ལས་ཐམས་ཅད་མཐའ་རུ་ཕྱིན་པ་དང་། དེ་དུས་ཀྱི་འཚུབ་ཆར་དགོངས་ཏེ། རེ་ཞིག་སྒྲིབ་མེད་ཀྱི་ཡོན་ཏན་དང་ཐོགས་མེད་ཀྱི་འཕྲིན་ལས་ཐམས་ཅད་བསྡུད། འགྲོ་དོན་ཞིང་ཁམས་གཞན་དུ་བྱོན་པའི་ཕྱིར། ངོ་མཚར་བའི་གྲུབ་རྟགས་དང་གྲོལ་རྟགས། སོ་སྐྱེས་བློ་ཡིས་གཞལ་ཡུལ་ལས་འདས་པ་དང་། ཡང་སློབ་རྨོངས་པའི་ཡི་གེའི་སྒྱུ་རྩལ་གྱིས་སྒྲིལ་བའི་མཐའ་ལས་འདས་པ་དང་བཅས། དགུང་གྲངས་བརྒྱད་ཅུ་གྱ་ལྔར་སོན་པའི། གནམ་ལོ་ལྕགས་མོ་གླང་ལོ། ཟླ་དང་པོའི་ཚེས་༡༩ ཕྱི་ལོ་༡༩༦༡ ཟླ་༣ པའི་ཚེས་༦ ཀྱི་ཐོ་རངས་ལ། དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་མཛད། སྐུ་གདུང་མེ་མཆོད་ཕུལ་དུས། ཡ་མཚན་པའི་རིང་བསྲེལ་དད་རྟེན་དུ་བཞག་པ་རྣམས། བོད་ལྷགས་སྐལ་ལྡན་གྱི་སློབ་མའི་རྩ་བ། བླ་མ་བསྟན་འཛིན་འོད་ཟེར་ལ་སོགས་པ་རྣམས་ཀྱིས། འགྲོ་བའི་དོན་དུ་འཛམ་གླིང་མཐའ་དབུས་མེད་པའི་དགོན་གནས་རྣམས་སུ་གདན་འདྲེན་སྐད་དོ། ། ། །
སླར་སྨྲས་པ༑ བློ་དམན་དོན་ཟབ་འགོད་པའི་ཨ་ཐང་ནི་མ་ཆད། །སྦྱང་དབུལ་སྙན་ཚིག་འདོག་པའི་ངལ་དུབ་ཀྱང་མ་བྱུང་། །ངག་རྒྱུན་ཡིག་ཐོག་བཤུས་པའི་སྤོབས་པ་ནི་ཅི་དམན། །དབྱངས་ཅན་ཡིད་ལ་ཞུགས་པའི་ཡིད་ཆེས་ཀྱིས་བྲིས་སོ། །གང་གིས་མཐོང་ངམ་ཐོས་སམ་བཀླག་པ་ཡི་མོད་ལ་། །ཡིད་ཆེས་ཐེ་ཚོམ་སྐྱོན་བརྗོད་ཅི་འདྲ་ཞིག་བྱས་ཀྱང་། །ལམ་སྲང་དེ་རྒྱུད་ཐར་པའི་ས་བོན་གྱིས་ཐེབ་ཅིང་། །རང་རིག་དོན་གྱི་བླ་མ་སྙིང་དབུས་ནས་མཇལ་ཤོག །བདག་ཀྱང་མཚན་མའི་རྟོག་པ་རང་གྲོལ་གྱི་ངང་ནས། །ཅིར་སྣང་ཆོས་སྐུར་མ་སྒོམ་ཟང་ཐལ་དུ་ཤར་ཏེ། །བྱུང་ན་ཆོས་ཟད་བློ་འདས་སངས་ཆུང་ཞིག་རྒྱ་ཤོག །མ་བྱུང་གཞོན་ནུ་བུམ་སྐུའི་གཏན་སྲིད་ཞིག་ཟིན་ཤོག ། ། །
ཅེས་པའི་མཛད་རྣམ་ཉུང་བསྡུས་འདིའང་། དམ་པ་དེའི་མཛད་རྣམ་མདོར་ཙམ་ཡང་གང་དུའང་མི་སྣང་བས། ས་གནས་དང་དུས་ཚིགས་བླ་སློབ་ཀྱི་མཚན་སོགས། རང་གི་རྩ་བའི་བླ་མས་གསུངས་པའི་ངག་རྒྱུན་གྱི་ལོ་རྒྱུས་དང་། རྫོགས་ཆེན་རྙིང་མའི་ཆོས་འབྱུང། རྒྱལ་རབས་དེབ་ཐེར་དཀར་པོ། སྨྱོ་བཤུལ་མཁན་གྱིས་མཛད་པའི་ངོ་མཚར་བརྒྱུད་བླའི་རྟོགས་བརྗོད། མཁས་དབང་དགེ་རིན་གྱིས་མཛད་པའི་རང་རྣམ་བསེ་རུའི་གཏམ་དང་། སྙན་དཔེ་དབྱངས་ཅན་རྒྱུད་མངས་སོགས་ནས་བཏུས་ཏེ། རང་གིས་གང་ཤེས་རབ་རིབ་དབ་དིབ་དུ། ཕྱི་ལོ་༢༠༢༢ པའི་བརྩེ་གདུང་རོལ་རྩེད་ཀྱི་ཉིན་མོར། ཡང་སློབ་རིག་པ་འཛིན་པ་རྒྱུ་སྐར་གྱི་དབང་པོས་ཨར་འདམ་བྲག་རོང་ཁྲོད་རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་དུ་ཡི་གར་བཏབ་པའི་དགེ་བས་ཀྱང་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབ་པའི་རྒྱུར་གྱུར་ཅིག །
Last updated: February 22, 2026. This content is under active revision and may contain inconsistencies. Readers are encouraged to verify critical details independently. An updated version will replace this post shortly.
