༄༅། ། ཀྱེ་མ༑ ཚེ་རབས་བསགས་པའི་ལེགས་ཉེས་ཀརྨ་ཡི་དབང་གིས། །རེ་ཞིག་ཕྱུག་མིན་དབུལ་མིན་དྭ་ཕྲུག་ཏུ་སྐྱེས་ཀྱང་། །ད་རེས་སྣ་ཚོགས་རང་གྲོལ་སྙིང་དབུས་ནས་མཇལ་དུས། །ཨ་མས་སྐྱེས་རིན་ཆོག་པའི་བརྩོན་པ་ཞིག་གནང་དང་། །མཐའ་བྲལ་མཁའ་ལ་འཆར་བ་སྒྱུ་སྐར་གྱི་དབང་པོ། །མཁྱེན་བརྩེ་འོད་ཟེར་སྒྱུ་མའི་ཁྱུ་ཚོགས་ཀྱི་བཀོད་པ། །གང་དེས་རྗེས་སུ་འཛིན་པའི་བགོ་སྐལ་ཞིག་བྱུང་དུས། །དལ་རྟེན་གསོ་རིན་ཆོག་པའི་བརྩོན་པ་ཞིག་གནང་དང་། །མི་ཆེན་ཤུགས་ཆེན་བཙན་པོ་ནམ་མཁའ་དང་འདྲ་བས། །ཉེ་རིང་སྡུག་རྩུབ་འཕྱ་དམོད་ཐོགས་སེར་དུ་ཕབ་ཀྱང་། །དུད་དུད་མགོ་བོ་བཏུད་པའི་ཅ་ཟིང་འདི་མེད་དུས། །ས་མཐར་གསོན་རིན་ཆོག་པའི་བརྩོན་པ་ཞིག་གནང་དང་། །བརྡ་དང་ཐ་སྙད་སྐད་རིགས་སྤྱི་ཚོགས་ཀྱི་ཤེས་བྱ། །ཕྱི་ཆོས་ནང་ཆོས་ཚན་རིག་བྱེ་བྲག་གི་ཡོན་ཏན། །དོན་གསལ་འཁྲུལ་མེད་སྟོན་པའི་སློབ་དཔོན་གྱིས་བསླབ་ཀྱང་། །དགེ་རྒན་དངོས་ལ་བཀུར་བའི་བརྩོན་པ་ཞིག་གནང་དང་། །ཐུགས་རྗེ་མཚུངས་ཟླ་བྲལ་བའི་དྲིན་ཅན་གྱི་བླ་མར། །ངོ་ལྐོག་གཞི་ནས་མེད་པའི་རང་བཞིན་གྱི་དམ་ཚིག །པད་འབྱུང་ངོ་བོར་བཅོས་མིན་ཡིད་ཆེས་ཀྱིས་བརྟན་དུས། །སངས་རྒྱས་དངོས་སུ་ལྟ་བའི་བརྩོན་པ་ཞིག་གནང་དང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཤིག་བསྐྱེད་ཅིང་། །ཅི་གསུང་ཚད་མར་འཛིན་པའི་གཅེས་སྤྲས་ལ་འབད་པས། །འགྱུར་མེད་སེམས་ཀྱི་དད་པ་སྙིང་དབུས་སུ་བཅང་དུས། །ཞབས་ཏོག་ཕུལ་དུ་ཕྱིན་པའི་བརྩོན་པ་ཞིག་གནང་དང་། །ཕྱི་ནང་སྒྲོ་འདོག་གཅོད་པའི་ཞེ་འདོད་ཀྱི་སྒོ་ནས། །གཅིག་པུར་སྡུག་སྒུར་ཚུགས་པའི་སྙིང་རུས་ཤིག་བསྐྱེད་དེ། །འགྲོ་ཆག་ཉལ་འདུག་ཐམས་ཅད་ཏིང་འཛིན་དུ་དགོས་དུས། །སྒྲུབ་པའི་ཞབས་ཏོག་འབྱོར་བའི་བརྩོན་པ་ཞིག་གནང་དང་། །ཕྱི་ལྟར་རིགས་བརྒྱའི་ཁྱབ་བདག་འོག་མིན་དུ་གཤེགས་པས། །སྒོ་གསུམ་རྗེ་ལ་འབུལ་བའི་ཞབས་ཏོག་ཞིག་མེད་ཀྱང་། །ནང་ལྟར་བླ་མ་འབྲལ་མེད་སྤྱི་གཙུག་ཏུ་བཞུགས་དུས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་བརྩོན་པ་ཞིག་གནང་དང་། །རང་ལུས་གྲོང་ལྟག་དགོན་པའི་ཆོས་སྡེ་རུ་མེད་ཀྱང་། །རང་སེམས་ཚོགས་དྲུག་ཡུལ་ལ་ཞེན་པ་ལས་བསློགས་ཏེ། །གར་འདུག་བསྙེན་ཅིང་སྒྲུབ་པའི་བས་མཐའ་རུ་ཁྱེར་དུས། །རོ་ཉལ་ལུད་སྤུང་འཛེམ་པའི་བརྩོན་པ་ཞིག་གནང་དང་། །རིག་སྟོང་ཆོས་སྐུའི་བླ་མ་སྙིང་དབུས་ནས་མཇལ་ན། །གདོད་མའི་མགོན་པོ་ས་ཕྱོགས་ཐག་རིང་ན་མེད་ཀྱི། །ཐིག་ལེ་ཉག་ཅིག་ཆོས་དབྱིངས་ཡེ་ཤེས་དང་སྦྱོར་དུས། །ལྟ་བ་ཁྱད་འཕགས་རྟོགས་པའི་བརྩོན་པ་ཞིག་གནང་དང་། །བདེ་སྟོང་ལོངས་སྐུའི་ཡི་དམ་ལྷན་སྐྱེས་ཀྱི་གྲིབ་མར། །དམིགས་བཅས་དཀྱིལ་འཁོར་སྒྲུབ་པའི་རྩོལ་བ་ལས་ལྷག་སྟེ། །མི་ཤིགས་རྟག་འགྲོས་མེ་ལོང་ཡེ་ཤེས་དང་སྦྱོར་དུས། །སྒོམ་པ་ཁྱད་འཕགས་གྲུབ་པའི་བརྩོན་པ་ཞིག་གནང་དང་། །སྣང་སྟོང་སྤྲུལ་སྐུའི་མཁའ་འགྲོ་རང་བྱུང་གི་དགའ་མར། །གདོས་བཅས་སྙོམས་པར་འཇུག་པའི་བརྟུལ་ཞུགས་ཀྱིས་ཅི་བྱེད། །ཨ་བ་དྷཱུ་ཏཱི་བྱ་གྲུབ་ཡེ་ཤེས་དང་སྦྱོར་དུས། །སྤྱོད་པ་རོ་སྙོམས་ཡོང་བའི་བརྩོན་པ་ཞིག་གནང་དང་། །ཕྱི་རོལ་སྣང་བའི་ཡུལ་ཀུན་ལྷ་ཚོགས་སུ་དག་ཅིང་། །ནང་དུ་སྒྲོག་པའི་སྒྲ་ཀུན་གཟུངས་སྔགས་སུ་གྲགས་ཆེད། །ཕྱི་ནང་དྲན་རྟོག་ཆོས་སྐུར་སྨིན་ངེས་ཤིག་དགོས་དུས། །རྗེས་ཐོབ་སྒྱུ་མར་སྲོང་བའི་བརྩོན་པ་ཞིག་གནང་དང་། །རྣམ་ཀུན་མཆོག་ལྡན་དྭངས་མའི་མཇའ་མཚོན་གྱི་པདྨོར། །སྐུ་དང་ཡེ་ཤེས་ཉིན་བྱེད་གདོད་མ་ནས་ཤར་བས། །བྱང་ཆུབ་སེམས་ཀྱི་དྲི་བསུང་ཕྱོགས་མཐའ་རུ་གཏུལ་དུས། །རྫོགས་ཆེན་གནད་དུ་ཆུད་པའི་བརྩོན་པ་ཞིག་གནང་དང་། །དབུ་མའི་གཏན་ཚིག་རྟོག་གེའི་ངང་ཚུལ་དེ་སྤོང་དུས། །སྡེབ་སྦྱོར་སྙན་ངག་མངོན་བརྗོད་རིག་བྱེད་ཀྱིས་ཅི་བྱེད། །གང་ཤར་རྩོལ་མེད་ལམ་འཁྱོངས་པད་འབྱུང་གི་བུ་རྒྱུད། །རེ་དོགས་འཁུ་འཁྲིག་ཟད་པའི་བརྩོན་པ་ཞིག་གནང་དང་། ། ། །ཞེས་པའང་རང་ཉིད་ བློ་ཆོས་སུ་གཏད་ ཆོས་ལམ་དུ་ཁྱེར་ ལམ་འཁྲུལ་པ་སེལ་ འཁྲུལ་པ་ཡེ་ཤེས་སུ་འཆར་བ་ལ་འབད་པའི་ཚེ་ གྲོགས་རྙིང་འགས་ ངན་སྨོད་དང་འཛུབ་བཀེར་བྱས་པ་ལ། གང་ཟག་ཕལ་པ་ཞིག་ཡིན་པའི་ཆ་ནས་ སྙིང་མི་བདེ་བ་ཙམ་བྱུང་བས་ དེ་ལ་ཕན་པའི་རང་བབས་བསླབ་ཕྲེང་ཞིག་བྱ་དགོས་སྙམ། རིག་འཛིན་སྐར་མས་ཨ་རི་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས་རང་ལ་གདམས་པའོ། ། ། །
Note: This piece of work is extensively revised in December 2025 to reflect true inner maturity. The old version titled དོ་མེད་ལམ་ཁྱེར་གྱི་ང་རོ། has been archived.
