༄༅། །ན་མོ་ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཡེ༑ ངོ་བོ་ཀ་དག་གཞིར་རྫོགས་ཆོས་ཀྱི་དབྱིངས། །རང་བཞིན་ལྷུན་གྲུབ་ཐིག་ལེ་ཆེན་པོའི་གདངས། །ཐུགས་རྗེ་ཕྱོགས་ལྷུང་ཀུན་བྲལ་དབང་པོའི་གཞུ། །སྐུ་གསུམ་རིགས་ཀྱི་བདག་པོ་ཞབས་བརྟན་གསོལ། །གངས་ཅན་གནུབས་ཀྱི་རིགས་འཁྲུངས་འདུལ་བ་འཛིན། །མཁར་ཆུར་གྲུབ་བརྙེས་ཉི་མའི་ཟེར་ལ་བཅིབས། །སྨན་ལྗོངས་ཞིང་ན་རྒྱལ་བསྟན་དགུང་དུ་འདེགས། །རིག་འཛིན་ནམ་མཁའི་སྙིང་པོ་ཞབས་བརྟན་གསོལ། །གཙང་མའི་ཚུལ་ཁྲིམས་འཛིན་མའི་ཁྱོན་དུ་གདལ། །ལྷག་པའི་ཏིང་འཛིན་རྒྱ་མཚོའི་ཞེང་དུ་བསྒྲུན། །ཕུལ་བྱུང་ཤེས་རབ་ནམ་མཁའི་མཐས་གཏུགས་པ། །བསླབ་གསུམ་བསྟན་པའི་སྙིང་པོ་ཞབས་བརྟན་གསོལ། །རྩ་གསུམ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང་། །ཆོས་ཉིད་རྣམ་དག་བསླུ་བ་མེད་པའི་མཐུས། །རིག་འཛིན་མོས་པའི་བདེན་ཚིག་ཡོངས་གྲུབ་ཏེ། །མགོན་ཁྱོད་སྐུ་ཚེ་བསྐལ་བརྒྱར་བརྟན་གྱུར་ཅིག །ཨོཾ་ཨ་མ་ར་ཎི་ཛཱི་ཝཱནྟི་ཡེ་སྭཱཧཱ། ། ། །ཞེས་པའང་༑ དལ་རྟེན་སུམ་རྩེན་གྲོང་གི་སྐྱེད་ཚལ་ན། །མཚོ་བྱུང་དགྱེས་པའི་རྣམ་འགྱུར་ལྡེམ་ལྡེམ་གཡོས། །ཀུན་ཆུབ་དཔྱིད་ཀྱི་འཛུམ་མདངས་མུལ་མུལ་ངོམས། །ཁྱེར་སོའི་ལྷ་དང་ལྷ་མོ་སྐྱིད་སྐྱིད་སྤྲོ། །དེ་ཚེ་རྣམ་ཀུན་མཆོག་ལྡན་གྱི་ལྷ་རྫིང་ལས། །མངོན་པར་མཐོ་བའི་སྤྲིན་དཀར་ལང་ལིང་གིས། །ངེས་ལེགས་འབྱོར་པའི་སྦྲང་ཆར་ཟིམ་ཟིམ་འབེབས། །གདན་གསུམ་ཡོངས་ཚང་རྣམ་འཛིན་དཔག་བསམ་བསྐྲུན། །ཨེ་མ་རྟེན་འབྲེལ་གཡུར་ཟའི་འབྲས་བུ་འདི། །ཤཱ་ཀྱའི་དགེ་སློང་ནམ་མཁའི་སྙིང་པོ་མཆོག །སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བདུད་རྩི་རུ། །རིག་འཛིན་རྒྱུ་སྐར་གྱི་དབང་པོས་བླངས་ཏེ་ཕུལ། ། ། །སརྦ་མངྒ་ལཾ། །
ནམ་སྙིང་རིན་པོ་ཆེའི་ཞབས་བརྟན་ཀུན་ཆུབ་དཔྱིད་ཀྱི་འཛུམ་མུལ།
རིག་འཛིན་སྐར་མ༔
Tags
Zhabten
རིག་འཛིན་སྐར་མ༔
༈ ཨེ་ཧོ་གནས་ཡུལ་དག་པའི་དགོན་པ་ན། །འདུ་བ་སྨིན་པའི་ལྷན་སྐྱེས་འཁོར་ལོ་ལ། །སྒྲོན་མར་འགྱེད་པའི་ཆོས་ཀྱིས་འཁོར་ལོ་འདི། །རིག་འཛིན་བསྟན་པ་འཛིན་ཕྱིར་ད་རེས་སྐོར། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུཊ་སོགས། །ཆོས་བརྒྱུད་གང་ལའང་མི་གཏོགས་རང་ཚུགས་བཟུང་། །མི་ཆེན་བླ་ཆེན་བསྐུར་བའི་ངལ་བའང་སྤོང། །ད་ནི་གུ་ཡངས་བློ་བདེའི་བརྟུལ་ཞུགས་སྤྱོད། །བསྟན་འགྲོའི་སྲི་ཞུ་རླབས་ཆེར་མ་གྱུར་ཀྱང་། །གར་གནས་སུ་འགྲོགས་ཆོས་དང་བསྟུན་པ་ཡིས། །རིག་འཛིན་འཚོ་བའི་འབྱུང་འགྱུར་རྣམ་ཐར་རྣམས། །མ་འཆི་བར་དུ་རིམ་བཞིན་ཡི་གེར་འགོད། །རབ་ཏུ་རང་ཚུགས་ཟིན་པའི་བྱ་བྲལ་ཞིག །འབྲིང་དུ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐའ་མའང་བསྟན་པའི་ཞབས་འདེགས་སྦྱིན་བདག་ཞིག །ཅིས་ཀྱང་ལུས་རྟེན་འདི་ཀས་ཡོང་བར་སྨོན། །