༈ ཨ་ཧོ༑ ཀ་དག་སྤྲོས་བྲལ་ཆོས་སྐུའི་འོད་གསལ་གྱི་ཀློང་ན། །ཁ་དོག་ལྷུན་གྲུབ་ལོངས་སྐུའི་འཇའ་སྤྲིན་གྱི་ཚོམ་བུ། །ག་ཤེད་ཀུན་ཁྱབ་སྤྲུལ་སྐུའི་སྐྱེད་ཚལ་དུ་མཇལ་ཚེ། །ང་ཅག་དག་སྣང་བརྒྱུད་པའི་སྐལ་ལྡན་ཚོ་སྐྱིད་དོ། །ཅ་ཅོའི་བརྗོད་ཡུལ་ལས་འདས་དགོངས་བརྒྱུད་ཀྱི་བྱིན་རླབས། །ཆ་ཚང་སྙིང་དབུས་འཕོས་པའི་བརྡ་བརྒྱུད་ཀྱི་སྐལ་ལྡན། །ཇ་ཐུན་ཅིག་གིས་འཚང་བརྒྱའི་སྙན་བརྒྱུད་འདི་མཇལ་ཚེ། །ཉ་ཉོག་ཆོས་བརྒྱུད་གཞན་ལ་མ་མོས་ཀྱང་འགྲིག་གཤའ། །ཏ་ལེར་བརྗིད་པའི་ངུར་སྨིག་གུས་བརྟེན་དུ་ཉར་ཞིང་། །ཐ་དད་གོས་དཀར་བག་མེད་སྐོན་པ་ཡང་བཤོལ་ཏེ། །ད་རེས་གཞི་དོན་རིག་པའི་གཏད་རྒྱ་འདི་མཇལ་ཚེ། །ན་མར་གར་འདུག་ཆོས་ཀྱི་བསྟི་གནས་རང་གྱུར་ཡོད། །པ་སངས་བཅུ་དྲུག་འོད་ལྡན་སྣང་སྲིད་ཀྱི་འཁོར་ལོར། །ཕ་ཕུང་ལེགས་སྨིན་དག་པ་རབ་འབྱམས་སུ་བལྟས་པས། །བ་ཐག་ལྷ་རྣལ་དག་པ་གཉིས་ལྡན་འདི་མཇལ་ཚེ། །མ་དག་འཁོར་བར་ལྷགས་ཀྱང་ཞེད་དོན་ཞིག་མིན་འདུག །ཙ་ཙོག་ཨར་འདམ་བྲག་རོང་རི་ཁྲོད་ཀྱི་ཕྱོགས་སུ། །ཚ་གྲང་བདེ་སྡུག་ཅི་འབྱུང་རོ་སྙོམས་ཀྱི་འཚམས་ན། །ཛ་ཡའི་རིག་འཛིན་བཞུད་ལམ་སྙལ་མགོ་ནས་མཇལ་ཚེ། །ཝ་དགོད་ཁྲེལ་འདེབས་བྱུང་རུང་དོ་སྣང་ཞིག་མ་དགོས། །ཞ་ཉེ་བཞིན་དུ་མཐུག་པོའི་ལས་ཉོན་གྱི་མུན་པ། །ཟ་ཞོར་འཐུང་ཞོར་རང་བྱུང་ཡེ་ཤེས་ཀྱིས་སེལ་ཏེ། །འ་ཅག་རྡོ་རྗེའི་རིགས་ཀྱི་གསལ་དྭངས་དང་མཇལ་ཚེ། །ཡ་མཚན་གནམ་ལྡིང་སར་འཛུལ་མ་ཐུབ་ཀྱང་འགྲིག་བྱུང་། །ར་འཕྲོད་ངོ་བོ་རང་བཞིན་ཐུགས་རྗེ་ཡི་གཞི་དབྱིངས། །ལ་གོར་འཁྲུལ་མེད་སྒྲོན་མ་རྣམ་བཞི་ཡི་ལམ་ནས། །ཤ་སྟག་སྐུ་གསུམ་འཛིན་ཟད་ཀ་དག་དུ་མཇལ་ཚེ། །ས་སྟེང་པད་འབྱུང་གདུང་འཚོབ་ཨ་བུ་རེ་སྐྱིད་དོ། །ཧ་ཅང་སྤྲོས་དང་བྲལ་བའི་དོན་དམ་གྱི་གཤིས་ལུགས། །ཧ་ལམ་ཀ་ཕྲེང་འདེབས་པའི་ཀུན་རྫོབ་ཀྱིས་འབྲིད་ཀྱང་། །ཨ་རོགས་རྫོགས་ཆེན་དགྱེས་པའི་ཡིད་འོང་གི་དགའ་མ། །ཨ་དོན་བཤད་ཉམས་ཉེས་ན་དགོངས་དག་ཅིག་ཞུའོ། ། ། །ཞེས་པའང་རིག་འཛིན་རྒྱུ་སྐར་དབང་པོ་ཡིས། །རང་གནས་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ལམ། །ཨར་འདམ་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ནས། །མཁའ་འགྲོ་གསང་བ་ཡེ་ཤེས་གང་དེར་ཕུལ། ། ། །སརྦ་མངྒ་ལཾ། །
Note: This piece of work is extensively revised in December 2025 to reflect true inner maturity.
