༄༅། ། ཀྱེ་ཧོ༑ ཕ་བཀའ་དྲིན་གསུམ་ལྡན་བླ་མ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །མ་ཡིད་དམ་མཁའ་འགྲོའི་གྲོགས་དན་གྱིས། །ཆོས་རང་འགོ་འདྲོང་པར་བྱིན་གྱིས་རློབས། །སེམས་དག་པའི་ལྷ་ལམ་གུ་ཡངས་པོར། །སྣང་བ་སྣ་ཚོགས་དཔེ་རུ་བླངས། །དཔེ་ཉི་ཟླ་ལྷ་དང་བླ་མར་བླངས། །བླ་མ་ཀ་དག་གི་ངོ་བོར་བླངས། །ཕྱི་སྒྲོ་འདོགས་ཆོད་པའི་གདམས་ངག་ཞུ། །ནང་རང་བྱུང་ཡེ་ཤེས་ངོ་སྤྲོད་ཞུ། །བར་ལྷན་སྐྱེས་ཡེ་ཤེས་བརྡ་སྟོན་ཞུ། །མཇུག་དེ་ཉིད་རྟོགས་པའི་བྱིན་རླབས་ཞུ། །ཁྱེད་ཐུགས་རྗེ་ཀུན་ཁྱབ་ཀྱི་བླ་མ་ལགས། །ང་མོས་གུས་གཅིག་ཆོག་གིས་གསོལ་བ་འདེབས། །ལུས་མི་འགྱུར་དབུ་མའི་ཕོ་བྲང་དུ། །སྐུ་འགྱུར་མེད་ཟུང་འཇུག་གིས་བྱིན་གྱིས་རློབས། །ཁྱེད་རང་བཞིན་ལྷུན་གྲུབ་ཀྱི་ན་ད་ལ། །ང་ཅི་གསུངས་ཚད་འཛིན་གྱིས་གསོལ་བ་འདེབས། །ངག་མི་འགག་དྷུ་ཏི་ཡི་རང་སྒྲ་རུ། །གསུང་འགག་མེད་གདམས་ངག་གིས་བྱིན་གྱིས་རློབས། །ཁྱེད་ངོ་བོ་ཀ་དག་གི་ཆོས་དབྱིངས་ལ། །ང་དྲན་རྫོགས་ཆོས་སྐུ་ཡིས་གསོལ་བ་འདེབས། །ཡིད་མ་སྐྱེས་ཐིག་ལེ་ཡི་རིག་མདངས་སུ། །ཐུགས་འཁྲུལ་མེད་ཡེ་ཤེས་ཀྱིས་བྱིན་གྱིས་རློབས། །ཕ་ངོ་བོ་སྐྱེས་མེད་ཆོས་སྐུ་མཁྱེན། །རང་བཞིན་འགག་མེད་ལོངས་སྐུ་མཁྱེན། །ཐུགས་རྗེ་གནས་མེད་སྤྲུལ་སྐུ་མཁྱེན། །ཀུན་འདུས་ངོ་བོ་ཉིད་སྐུ་མཁྱེན། །བུ་མོས་གུས་ཆུང་རུང་ཐུགས་རྗེ་གཟིགས། །ལས་སྐལ་བ་དམན་ཀྱང་བྱིན་གྱིས་རློབས། །ཆོས་རྨི་ལམ་འོད་གསལ་རྗེས་གནང་གིས། །བུ་ཕ་དང་མཉམ་པར་བྱིན་གྱིས་རློབས། ། ། །ཞེས་པའང་ རིག་འཛིན་སྐར་མས་གསོལ་བ་འདེབས་པ་ཛཡནྟུ། །
གསོལ་འདེབས་མོས་གུས་ཀྱི་ཆུན་པོ།
རིག་འཛིན་སྐར་མ༔
Tags
Calling
རིག་འཛིན་སྐར་མ༔
༈ ཨེ་ཧོ་གནས་ཡུལ་དག་པའི་དགོན་པ་ན། །འདུ་བ་སྨིན་པའི་ལྷན་སྐྱེས་འཁོར་ལོ་ལ། །སྒྲོན་མར་འགྱེད་པའི་ཆོས་ཀྱི་འཁོར་ལོ་འདི། །རིག་འཛིན་བསྟན་པ་འཛིན་ཕྱིར་ད་རེས་སྐོར། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུཊ་སོགས། །ཆོས་བརྒྱུད་གང་ལའང་མི་གཏོགས་རང་ཚུགས་བཟུང་། །མི་ཆེན་བླ་ཆེན་བསྐུར་བའི་ངལ་བའང་སྤོང། །ད་ནི་གུ་ཡངས་བློ་བདེའི་བརྟུལ་ཞུགས་སྤྱོད། །བསྟན་འགྲོའི་སྲི་ཞུ་རླབས་ཆེར་མ་གྱུར་ཀྱང་། །གར་གནས་སུ་འགྲོགས་ཆོས་དང་བསྟུན་པ་ཡིས། །རིག་འཛིན་འཚོ་བའི་འབྱུང་འགྱུར་རྣམ་ཐར་རྣམས། །མ་འཆི་བར་དུ་རིམ་བཞིན་ཡི་གེར་འགོད། །རབ་ཏུ་རང་ཚུགས་ཟིན་པའི་བྱ་བྲལ་ཞིག །འབྲིང་དུ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐའ་མའང་བསྟན་པའི་ཞབས་འདེགས་སྦྱིན་བདག་ཞིག །ཅིས་ཀྱང་ལུས་རྟེན་འདི་ཀས་ཡོང་བར་སྨོན། །