༈ ཀྱེ་ཧོ༑ ལེགས་ཉེས་ཀརྨའི་སྒྲོག་གིས་རབ་བཅིངས་ཤིང་། །ཉོན་མོངས་དུག་ལྔའི་གདོན་གྱིས་རབ་གཟིར་ཏེ། །དབང་མེད་སྲིད་མཚོའི་གཤམ་ན་རབ་ཐིམ་པོར། །མགོན་ཁྱོད་གྲུ་ཆེན་ཡོན་ཏན་ཀུན་གྱིས་ཕྱུག །ཉོན་ཤེས་གཉིས་ཀའི་སྒྲིབ་ལས་རབ་གྲོལ་ཞིང་། །ཡེ་ཤེས་རྣམ་ལྔའི་འོད་མདངས་རབ་རྒྱས་ཏེ། །ཞི་བའི་རིན་ཆེན་གླིང་དུ་རབ་བཞུད་པོར། །མགོན་ཁྱོད་དེད་དཔོན་ཡོན་ཏན་ཀུན་གྱིས་ཕྱུག །ལས་དང་ཉོན་མོངས་སྤྲིན་གྱིས་རབ་འགྲིབ་ཅིང། །མ་རིག་རྨོངས་པའི་མུན་པས་རབ་དུབ་ཏེ། །ངེས་ལེགས་ལམ་ནས་རྒྱང་དུ་རབ་འཁྱོར་པོར། །མགོན་ཁྱོད་ས་མཁན་ཡོན་ཏན་ཀུན་གྱིས་ཕྱུག །མངོན་མཐོ་སྒྱུ་སྐར་དབང་པོའི་འོད་འཛིན་ཅིང་། །ངེས་ལེགས་ཀུན་འབྱུང་དཔག་བསམ་འབྲས་བུས་འཕྱུར། །མན་ངག་དགུང་སྙིལ་བུམ་པ་བཟང་པོའི་མཆོག །མགོན་ཁྱོད་བླ་མའི་ཡོན་ཏན་ཀུན་གྱིས་ཕྱུག །དད་ལྡན་ཀུན་ལ་ཚད་མེད་བྱམས་མཛད་ཅིང་། །མོས་ལྡན་རེ་བ་ཡིད་བཞིན་སྐོང་མཛད་དེ། །དོན་གསལ་འཁྲུལ་མེད་སྟོན་ལ་མི་ངལ་བ། །མགོན་ཁྱོད་སློབ་དཔོན་ཡོན་ཏན་ཀུན་གྱིས་ཕྱུག །མདོར་ན་ཁྱེད་ནི་དོན་གྱི་སངས་རྒྱས་ཏེ། །བཟང་འབྲེལ་ཚེ་ཅིག་སངས་རྒྱས་སར་སྐྱོལ་ཅིང། །ངན་འབྲེལ་འཁོར་བའི་རྒྱུན་མཐའ་རབ་གཅོད་པས། །མགོན་ཁྱོད་སངས་རྒྱས་ཡོན་ཏན་ཀུན་གྱིས་ཕྱུག །དེ་ལྟར་མོས་པས་ཆེ་བར་བརྗོད་པའི་མཐུས། །དྲིན་ཅན་གེ་སར་འཛིན་མའི་མགོན་པོ་ཁྱེད། །བདག་གི་སྙིང་དབུས་དད་པའི་ཟེའུ་འབྲུ་ལ། །འབྲལ་མེད་རྟག་པར་བཞུགས་ལ་བྱིན་གྱིས་རློབས། ། ། ། འདིའང་གུས་འབངས་རིག་འཛིན་སྐར་མས་སོ། །ཛཡནྟུ། །
མཚུངས་མེད་རིགས་ཀྱི་བདག་པོའི་ཆེ་བརྗོད་དད་ཕྲན་ཀུ་ཤའི་ཟིལ་སྦྲོན།
རིག་འཛིན་སྐར་མ༔
Tags
Proclamation
རིག་འཛིན་སྐར་མ༔
༈ ཨེ་ཧོ་གནས་ཡུལ་དག་པའི་དགོན་པ་ན། །འདུ་བ་སྨིན་པའི་ལྷན་སྐྱེས་འཁོར་ལོ་ལ། །སྒྲོན་མར་འགྱེད་པའི་ཆོས་ཀྱི་འཁོར་ལོ་འདི། །རིག་འཛིན་བསྟན་པ་འཛིན་ཕྱིར་ད་རེས་སྐོར། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུཊ་སོགས། །ཆོས་བརྒྱུད་གང་ལའང་མི་གཏོགས་རང་ཚུགས་བཟུང་། །མི་ཆེན་བླ་ཆེན་བསྐུར་བའི་ངལ་བའང་སྤོང། །ད་ནི་གུ་ཡངས་བློ་བདེའི་བརྟུལ་ཞུགས་སྤྱོད། །བསྟན་འགྲོའི་སྲི་ཞུ་རླབས་ཆེར་མ་གྱུར་ཀྱང་། །གར་གནས་སུ་འགྲོགས་ཆོས་དང་བསྟུན་པ་ཡིས། །རིག་འཛིན་འཚོ་བའི་འབྱུང་འགྱུར་རྣམ་ཐར་རྣམས། །མ་འཆི་བར་དུ་རིམ་བཞིན་ཡི་གེར་འགོད། །རབ་ཏུ་རང་ཚུགས་ཟིན་པའི་བྱ་བྲལ་ཞིག །འབྲིང་དུ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐའ་མའང་བསྟན་པའི་ཞབས་འདེགས་སྦྱིན་བདག་ཞིག །ཅིས་ཀྱང་ལུས་རྟེན་འདི་ཀས་ཡོང་བར་སྨོན། །