༄༅། ། ཀྱེ་མ་ཀྱེ་ཧུད༑ བཀའ་དྲིན་གསུམ་ལྡན་སློབ་དཔོན་རིན་པོ་ཆེ། །དད་དམ་གཙང་མའི་གླུ་ལ་ལན་ཅིག་གསོན། །བདག་ཅག་མགོན་མེད་རེ་ལྟོས་བཅའ་ས་མེད། །མངོན་དགའི་ཞིང་དུ་མ་བྱོན་ད་རེས་བཞུགས། །ཐུགས་རྗེ་ཀུན་ཁྱབ་སློབ་དཔོན་རིན་པོ་ཆེ། །མོས་གུས་གཅིག་ཆོག་གླུ་ལ་ལན་ཅིག་གསོན། །བདག་ཅག་མགོན་མེད་བློ་ཕུགས་གཏོད་ས་མེད། །དབུ་མའི་ཕོ་བྲང་མ་གཞིག་ད་རེས་བཞུགས། །རང་བཞིན་ལྷུན་གྲུབ་སློབ་དཔོན་རིན་པོ་ཆེ། །ཅི་གསུངས་ཚད་འཛིན་གླུ་ལ་ལན་ཅིག་གསོན། །བདག་ཅག་མགོན་མེད་འོ་དོད་འབོད༌ས་མེད། །དྷུ་ཏི་ཡི་རང་སྒྲ་མ་འགོག་ད་རེས་བཞུགས། །ངོ་བོ་ཀ་དག་སློབ་དཔོན་རིན་པོ་ཆེ། །དྲན་རྫོགས་ཆོས་སྐུའི་གླུ་ལ་ལན་ཅིག་གསོན། །བདག་ཅག་མགོན་མེད་ཡིད་རྟོན་བྱ༌ས་མེད། །ཐིག་ལེའི་རིག་གདངས་མ་གཡོ་ད་རེས་བཞུགས། །ཐུགས་རྗེ་སྤྲུལ་སྐུའི་སློབ་དཔོན་རིན་པོ་ཆེ། །རང་བཞིན་ལོངས་སྐུའི་སློབ་དཔོན་རིན་པོ་ཆེ། །ངོ་བོ་ཆོས་སྐུའི་སློབ་དཔོན་རིན་པོ་ཆེ། །གསང་གསུམ་འདུ་འབྲལ་མི་འཚལ༌ད༌རེས༌བཞུགས། །གལ་ཏེ་ད་རེས་ཅིས་ཀྱང་མི་བཞུགས་ན། །བདག༌སོགས་སྙིང་དབུས༌དབུ་མའི་ཕོ་བྲང་དུ། །འདུ་འབྲལ་མེད་པའི་ཆོས་ཀྱི་སྐུར་གཞེངས་ཏེ། །བྱང་ཆུབ་སྙིང་པོའི་བར་དུ་རྗེས་བཟུང་གསོལ། །ཇི་སྲིད་སྙིང་པོའི་ས་དེར་མ་སླེབས་བར། །དེ་སྲིད་ཁྱེད་ལ་ལོག་པར་མི་ལྟ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །གསང༌གསུམ༌བྱིན༌རླབས་སྙིང་ལ་འཕོ་བར་ཤོག ། སླར་སྨྲས་པ། གདུང་གསོལ་དཔྱིད་ཀྱི་བུ་མོའི་གླུ་དབྱངས་འདི། །རང་གནས་ཨར་འདམ་བྲག་རོང་རི་ཁྲོད་ནས། །གུས་འབངས་རིག་འཛིན་རྒྱུ་སྐར་དབང་པོ་ཡིས། །ཁ་ཞེ་གཉིས་མེད་དད་པའི་ཡིད་ཀྱིས་ཕུལ། །གང་གིས་མཐོང་ངམ་ཐོས་པའི་སྐྱེ༌བོ༌ཀུན། །བླ༌མར༌མོས༌གུས༌གྲོགས༌ལ༌དག༌སྣང༌དང༌། །འགྲོ་ལ་སྙིང་རྗེ་བདེ་བླག་སྐྱེས་པ་ཡིས། །དོན་གྱི་སློབ་དཔོན་མཇལ་བའི་རྒྱུར་གྱུར་ཅིག །སརྦ་མངྒལཾ། །
གདུང་གསོལ་དཔྱིད་ཀྱི་བུ་མོའི་གླུ་དབྱངས།
རིག་འཛིན་སྐར་མ༔
Tags
Calling
རིག་འཛིན་སྐར་མ༔
༈ ཨེ་ཧོ་གནས་ཡུལ་དག་པའི་དགོན་པ་ན། །འདུ་བ་སྨིན་པའི་ལྷན་སྐྱེས་འཁོར་ལོ་ལ། །སྒྲོན་མར་འགྱེད་པའི་ཆོས་ཀྱིས་འཁོར་ལོ་འདི། །རིག་འཛིན་བསྟན་པ་འཛིན་ཕྱིར་ད་རེས་སྐོར། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུཊ་སོགས། །ཆོས་བརྒྱུད་གང་ལའང་མི་གཏོགས་རང་ཚུགས་བཟུང་། །མི་ཆེན་བླ་ཆེན་བསྐུར་བའི་ངལ་བའང་སྤོང། །ད་ནི་གུ་ཡངས་བློ་བདེའི་བརྟུལ་ཞུགས་སྤྱོད། །བསྟན་འགྲོའི་སྲི་ཞུ་རླབས་ཆེར་མ་གྱུར་ཀྱང་། །གར་གནས་སུ་འགྲོགས་ཆོས་དང་བསྟུན་པ་ཡིས། །རིག་འཛིན་འཚོ་བའི་འབྱུང་འགྱུར་རྣམ་ཐར་རྣམས། །མ་འཆི་བར་དུ་རིམ་བཞིན་ཡི་གེར་འགོད། །རབ་ཏུ་རང་ཚུགས་ཟིན་པའི་བྱ་བྲལ་ཞིག །འབྲིང་དུ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐའ་མའང་བསྟན་པའི་ཞབས་འདེགས་སྦྱིན་བདག་ཞིག །ཅིས་ཀྱང་ལུས་རྟེན་འདི་ཀས་ཡོང་བར་སྨོན། །