༈ ཀ་དག་གཉུག་མའི་གཤིས་དེ་ཆོས་སྐུ་ཡི་ངོ་བོ། །ཁ་དོག་ལྷུན་གྲུབ་གདངས་དེ་ལོངས་སྐུ་ཡི་རང་བཞིན། །ག་སར་ཀུན་ཏུ་ཁྱབ་དེ་སྤྲུལ་སྐུ་ཡི་ཐུགས་རྗེ། །ང་ཡི་བླ་མ་སྐུ་གསུམ་ཀུན་འདུས་དེ་མཁྱེན་ནོ། །ཅ་གེར་སྐྱེས་མེད་རིག་སྟོང་ལྗེན་པ་འདི་ལྟ་དུས། །ཆ་མཉམ་རྟོག་ཚོགས་དག་པའི་སྣང་བ་རེ་ཤར་ཀྱང་། །ཇ་རྒོད་ལས་ཀྱང་ནག་པའི་རེ་དོགས་ཀྱི་འཕྲང་ལས། །ཉ་འཕྱོ་འགྲོས་ཀྱིས་ཐར་མེད་ཞུམ་སེམས་ཤིག་ལྷགས་བྱུང་། །ཏ་ལེར་ཡིད་ཀྱི་སྒྱུ་བ་ཨ་འཐས་ཀྱི་སྣང་ཞེན། །ཐ་དག་ཡེ་ནས་སྤྲོས་བྲལ་གཤིས་ལུགས་སུ་ཟད་ཀྱང་། །ད་དུང་རྣམ་རྟོག་ཡེ་ཤེས་ཁག་ཁ་རུ་ལུས་པས། །ན་བུན་འཁུ་འཁྲིག་སྤྲིན་ནག་དྭངས་རེ་ཡིས་དངངས་བྱུང་། །པ་གིར་མི་གདའ་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་། །ཕ་ཟད་གཉུག་མའི་གཤིས་ལ་ཡེ་བབས་སུ་འདུག་ཀྱང་། །བ་ཆ་ལུག་གུ་རྒྱུད་པའི་འཆིང་ཐག་དེ་མཐུག་པས། །མ་གྲོལ་སྲིད་པར་འཁྱམ་པའི་ཞེད་སྣང་ཞིག་སྐྱེས་བྱུང་། །ཙ་ར་འཁྲུལ་སྣང་གཅོད་པའི་ཆོས་ཟད་ཀྱི་རིག་པ། །ཚ་གྲང་རང་སོར་གཞིལ་བའི་རྣམ་རྟོག་ཏུ་ལྷགས་ཏེ། །ཛ་ཡའི་དགོངས་པ་ཧ་ཅང་རྒྱང་རིང་དུ་སོང་དེས། །ཝ་འབྲོས་སྲིད་པར་བྱིང་བའི་ངེས་ཆ་ཞིག་ཚོར་བྱུང་། །ཞ་མཆག་སྐྱོན་མེད་དལ་རྟེན་ས་བརྟོལ་འདི་ཡོད་དུས། །ཟ་བསོད་ཙམ་མིན་ཆོས་སྤྱོད་ཡིད་དགའ་རེ་བཞད་ཅིང་། །འ་ཅག་འཆི་མེད་འདོད་འཇོའི་འབྲས་བུ་ཞིག་བསྐྲུན་ཏེ། །ཡ་མཐའི་གཞན་དོན་འགྲུབ་ན་བཟང་ལེ་ཞིག་ཨེ་ཡོང་། །ར་གཏུགས་མན་ངག་སྙིང་ཐིག་ཡ་བཞི་ལ་ཡོད་པས། །ལ་ཀླུངས་གྲུབ་མཐའ་བཙལ་བའི་འགྲུལ་བཞུད་དེ་བཤོལ་ཏེ། །ཤ་སྟག་གནམ་འཕང་གཅོད་པའི་སྙིང་རུས་ཀྱི་སྒོ་ནས། །ས་ལམ་སྟན་ཐོག་གཅིག་གིས་ཆོད་ན་ཞིག་ཨེ་དགའ། །ཧ་གིའི་རྒྱལ་བ་རིགས་ལྔ་ཚུར་རོལ་ན་ཡོད་དུས། །ཧ་ཅང་རྒྱང་དུ་ལྟ་བའི་ལམ་རིང་གིས་ཅི་བྱེད། །ཨ་ལེ་འབྱུང་ཁམས་དུག་ལྔ་རང་སངས་ཀྱི་སྒོ་ནས། །ཨ་ཏི་ཡོ་གར་རྫོགས་པའི་བྱིན་ཆེན་ཞིག་ཕོབ་ཅིག །སྐྱབས་གཅིག་སྙིང་གི་དཀྱིལ་ནས་རིག་རིག་རང་གཟིགས་ཤིག །ཁམས་གསུམ་རྒྱུན་དུ་ཉུལ་ལ་དུང་དུང་རང་འཇུས་ཞུ། །ངེས་ལེགས་བདེ་ཆེན་ལམ་བཟང་དེང་དེར་རང་བསྩལ་ཅེས། །གསོལ་སྨོན་ཤོར་རོ་དགོངས་ཀློད་ད་ད་རང་མཛོད་འཚལ། །ཞེས་པའང་སྙིགས་མཐའི་རིག་འཛིན་སྐར་མས་རང་ལ་གདམས་པའོ། །
This piece of work is extensively revised in December 2025 to reflect true inner maturity.
