རྗེ་མི་ལའི་བླ་མ་དྲན་དྲུག་ལས་དྲངས་པའི་རྟེན་འབྲེལ་གྱི་གླུ་ཕྲན།

༈ རྗེ་བཀའ་དྲིན་གསུམ་ལྡན་བླ་མ་མཁྱེན། །སྤྲང་གདུང་བའི་སྨྲེ་སྔགས་གླུ་འདིར་གསོན། །རྨི་ལམ་འོད་གསལ་གྱི་མཇལ་ཁ་དང་། །རྣམ་ཀུན་འབྲལ་མེད་ཀྱི་སྐྱབས་འཇུག་ཞུ། །གླིང་ཕར་གྱི་ལྷོ་མོན་ཤིང་ལོའི་ཚལ། །ནོར་འཛིན་གྱི་བུ་མོ་འཁྱིལ་བའི་ས། །ཡུལ་ཡིད་དགའ་སྣ་ཚོགས་བཀྲ་བའི་རིར། །གནས་རྒན་བཞུགས་སྐྱིད་པའི་གླིང་དེ་ཡོད། །ཕྱི་ཨ་འཐས་འཁོར་བའི་བཀོད་པ་ལ། །ནང་དོན་གྱི་འོག་མིན་ཞིང་ཁམས་ཡིན། །ཞིང་འདི་ནང་སུ་བཞུགས་སུ་མི་བཞུགས། །ཞིང་འདི་ནང་ང་ཡི་བླ་མ་བཞུགས། །བླ་མ་རྒྱལ་བ་མི་བསྐྱོད་བཞུགས། །དུས་ད་ལྟ་བཞུགས་པ་སྐུ་དྲིན་ཆེ། །ཕྱིས་བསྐལ་བརྒྱར་བཞུགས་པའི་སྨོན་ལམ་ཞུ། །སྨོན་ལམ་རྡོ་རྗེའི་བརྒྱ་མདུད་ཞུ། །སྤྱིར་བསླབ་གསུམ་བསྟན་པའི་སྲོག་ཏུ་བཞུགས། །སྒོས་ཕྱག་ཆེན་གདམས་པའི་མཛོད་དུ་བཞུགས། །ཡང་སྒོས་ང་ཡི་བླ་མར་བཞུགས། །བླ་མ་ཡིད་བཞིན་གྱི་ནོར་བུར་བཞུགས། །སེམས་ཨ་དོན་སྒོམ་པའི་རིག་འཛིན་ངས། །སངས་རྒྱས་ཀྱི་དྲི་ཙམ་ཚོར་ཚོར་ནས། །གནས་འགག་ལ་རང་དབང་མ་བརྙེས་པར། །སླར་འཁོར་བ་འཁྱམས་ན་ཀྱེ་མ་ཧུད། །གཞི་དབུ་མའི་གཞུང་གི་ཐོས་བསམ་དང་། །ཚེ་འདི་ཡི་རྒྱུ་ནོར་གསོག་སྒྲུབ་གཉིས། །ཕན་རླབས་ལ་དབྱེ་བ་མ་མཐོང་ནས། །གཉིས་ཀ་བུ་ངས་སྤོང་བ་ཡིན། །འབྲས་བུ་རྫོགས་ཆེན་གྱི་མན་ངག་རྣམས། །རྗེ་རྣམ་དཀར་ཞབས་ནས་ཞུས་ཏེ་ཟིན། །ཕྱི་གོ་ཡུལ་གྱི་གཤོག་རྩལ་བརྟས་ན་ཡང་། །ནང་ཉམས་རྟོགས་ཀྱི་གནམ་འཕང་གཅོད་མ་ཁོམ། །ལམ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་དང་། །གཞི་ལྷན་ཅིག་སྐྱེས་པའི་ངོ་སྤྲོད་སོགས། །ཚེ་གཅིག་གིས་གྲོལ་བའི་གདམས་ངག་རྣམས། །མགོན་ཁྱེད་ལས་མ་གཏོགས་ཞུ་ས་མེད། །རྗེ་སྒམ་པོ་བརྒྱུད་པའི་ཕྱག་ཆེན་གཅིག །རས་ཆུང་བརྒྱུད་པའི་བསྲེ་འཕོ་གཉིས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་གསུམ། །དུས་དེ་རིང་གནང་ན་དགའ་བ་ལགས། །ང་སྐལ་བ་དམན་ཀྱང་ཞུ་སྙིང་འདོད། །མོས་གུས་ཆུང་རུང་ཞུ་སྙིང་འདོད། །བློ་རིག་མེད་ཀྱང་ཞུ་སྙིང་འདོད། །གནམ་འགྲུལ་ཐག་རིང་ཡང་ཞུ་སྙིང་འདོད། །རང་མདང་དགོང་ཉལ་བའི་རྨི་ལམ་ན། །ཁོང་རིག་པའི་ཁེའུ་ཆུང་གཞོན་ནུ་མཐོང་། །རྗེ་མར་པའི་ཞབས་ཀྱི་པདྨོར་གཏུགས། །ཆོས་རོ་བརྒྱ་ལེན་ཅེས་སྐུལ་བར་མཐོང་། །ངས་མིག་ཟུར་ལན་ཅིག་ཕྱིར་བལྟས་པས། །ཕར་སྐྱིད་མོའི་ཚལ་གྱི་ནང་ཤེད་ན། །མེ་ཏོག་སྣ་ཚོགས་ལང་མ་ལིང་། །མངར་ལྡན་དྲི་བསུང་ཐུ་ལུ་ལུ། །གསེར་སྦྲང་བུང་བ་ཟི་རི་རི། །སྐྱི་བསེར་ཆལ་ཆིལ་ལྡང་བའི་ཀློང་། །ངེའི་སྐྱབས་མགོན་ཡེ་ཤེས་རིན་ཆེན་མཇལ། །ཞལ་འཛུམ་པའི་སྤྱན་གྱིས་གཟིགས་པ་མཇལ། །ལར་སྐལ་མེད་ས་མཐའི་འཁྱམས་པོ་ལ། །དེ་མངོན་སུམ་བྱུང་སྐལ་ཡོད་རེ་སྐན། །ཆོས་དབང་དང་གདམས་ངག་ཞུ་འདོད་ཀྱང་། །ཡིད་སྨོན་དང་རྨི་ལམ་དུ་ལུས་རེ་སྐན། །ཁྱེད་གསུམ་ལྡན་རྡོ་རྗེ་འཛིན་པ་འདི། །རྗེ་མར་པར་བསྙོན་དུ་མ་མཆིས་ཀྱང་། །ང་མོས་ལྡན་རྣམ་སྨིན་རིག་འཛིན་གྱི། །མི་ལའི་ཞབས་རྡུལ་ཙམ་ཡོང་ངམ་ཅི། །ང་བསམ་ཞིང་མཚན་ལྡན་བླ་མ་དྲན། །གདུང་ཞིང་ཛྙཱ་ན་རིན་ཆེན་དྲན། །བསམ་གདུང་གི་བར་ནས་མན་ངག་དྲན། །བུའི་དྲན་གདུང་སོལ་ཅིག་བཀའ་དྲིན་ཅན། །ང་བཅོས་མིན་དད་པའི་སྙིང་དབུས་ལ། །རྗེ་འབྲལ་མེད་རྟག་པ་བཞུགས་ནས་ཀྱང་། །ཐག་ཉེ་རིང་གི་རྣམ་བཞག་མི་འཚལ་བར། །རྗེས་གནང་འོད་གསལ་གྱི་བྱིན་རླབས་ཞུ། །སེམས་དག་པའི་ལྷ་ལམ་གུ་ཡངས་པོར། །སྣང་བ་སྣ་ཚོགས་དཔེ་རུ་བླངས། །དཔེ་ཉི་ཟླ་ལྷ་དང་བླ་མར་བླངས། །དེ་ཁྱེད་ཀྱི་བྱིན་བརླབ་མིན་ནམ་ཅི། །ཕྱི་སྣང་སྲིད་ལུས་ཀྱི་ཕུང་པོ་འདི། །ནང་འཕོ་འགྱུར་མེད་པའི་སྐུ་རུ་སྟོན། །ང་འགྱུར་བ་མེད་པ་རྡོ་རྗེའི་ངང་། །འབྲེལ་ཚད་དོན་ལྡན་དུ་བྱིན་གྱིས་རློབས། །ཕྱི་གྲགས་ཚད་མཛེས་པའི་སྙན་ངག་འདི། །ནང་བརྗོད་དུ་མེད་པའི་ངག་ཏུ་གྲགས། །ང་ཆད་པ་མེད་པ་རྡོ་རྗེའི་ངང་། །ལེགས་བཤད་འབྱུང་གནས་སུ་བྱིན་གྱིས་རློབས། །ཕྱི་དྲན་ཚད་ཡིད་ཀྱི་རིས་མོ་འདི། །ནང་སྤྲོས་བྲལ་རྒྱལ་བའི་དགོངས་པར་ཀློད། །ང་འཕོ་འགྱུར་མེད་པ་རྡོ་རྗེའི་ངང་། །ལྷུན་གྲུབ་རིག་འཛིན་དུ་བྱིན་གྱིས་རློབས། །སྟན་འདི་ཐོག་གྲོལ་བར་བྱིན་གྱིས་རློབས། །དུས་ད་ལྟ་གྲོལ་བར་བྱིན་གྱིས་རློབས། །ཞིང་མངོན་དགར་བསྒྲོད་པར་བྱིན་གྱིས་རློབས། །མ་འགྲོ་དྲུག་བསྒྲོལ་བར་བྱིན་གྱིས་རློབས། ། ། །ཞེས་པའང་རང་ཉིད་བདུན་ཕྲག་བཞི་ཙམ་བྲག་རོང་གངས་ཀྱི་རི་ཁྲོད་དུ་སོང་སྐབས་ རྗེ་མི་ལའི་མགུར་འབུམ་ནི་སྔར་ནས་ལན་མང་མཇལ་ཟིན་ཀྱང་ ད་དུང་རྐྱེན་སྣ་ཚོགས་ཀྱིས་བསྐུལ་ཏེ་སླར་ཡང་ལན་ཅིག་མཇལ་བའི་བགོ་སྐལ་རྙེད། དེར་བླ་མ་དྲན་དྲུག་གི་མགུར་དེས་ སྐྱོ་ཤས་སྙིང་དབུས་ནས་སློང་ཞིང་ རྨི་ལམ་སྣ་ཚོགས་ཀྱང་ གཅིག་རྗེས་ཉིས་སྙེགས་སུ་བྱུང་བར་བརྟེན་ སྐུ་དྲིན་གསུམ་ལྡན་གྱི་དམ་པ་ཡེ་ཤེས་རིན་ཆེན་ཀྱང་ མ་མཇལ་ཡུན་རིང་སོང་བའི་ཡི་མུག་གི་ རླབས་འཕྲེང་དྲག་ཏུ་གཡོས་པའི་སྐབས་ཤིག་ན་ དུས་མཐའི་རྣལ་འབྱོར་པ་ཡོ་གི་ཀརྨས་ ཆོས་རྣམས་རྒྱན་དུ་ཟད་པའི་སྙན་ངག་གི་ཟོལ་དུའམ་ བླ་མ་དྲན་དྲུག་གི་རྟེན་འབྲེལ་གྱི་ཚུལ་དུ་བཀོད་པ་དགེའོ། །

Updated on 1/31/2023.




Previous Post Next Post