༄༅། །རཾ་ཡཾ་ཁཾ༔ ཨོཾ་ཨཱ་ཧཱུྃ༔ ཀྱཻ༑ ཨ་ཏི་ཡང་རྩེ་ཐེག་པའི་གཞུང་ལུགས་ཀྱི། །ཨ་དོན་སྐྱེས་མེད་སྒོམ་པའི་རིག་འཛིན་ལ། །ཧ་ཕྱད་འགྲོས་ཀྱིས་འཕྲིན་ལས་སྒྲུབ་པ་པོ། །ཧ་དགོད་རྔམས་པའི་དམ་ཅན་འདིར་གཤེགས་ཤིག །ས་ལམ་གོལ་འཕྱུག་མེད་པའི་རིག་འཛིན་གྱིས། །ཤ་ཞེན་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྱིར། །ལ་ལར་ཙམ་མིན་གདུང་བས་འབོད་ལགས་ན། །ར་མདར་འབྲལ་མེད་ཉུལ་བའི་དམ་ལ་དགོངས། །ཡ་ལད་གོ་ཆ་བཙན་རྨོག་མདའ་མདུང་སོགས། །འ་ཅི་ཀུན་བཟང་མཆོད་པའི་སྤྲིན་ཚོགས་སུ། །ཟ་ཟིས་འབག་མིན་སྨན་རཀ་བདུད་རྩི་བཅས། །ཞ་ལུར་ཡིད་སྤྲུལ་དངོས་སུ་གཤོམ་པས་མཆོད། །ཝ་ར་དྲོན་མོས་དངུལ་གྱི་ཅན་ནེ་བཀང། །ཛ་གད་གྲང་མོས་གསེར་གྱི་ཕུད་ཀོང་འཕྱུར། །ཚ་གསུར་དཀར་མངར་དྲི་མཆོག་གཏུལ་བ་སོགས། །ཙ་རེར་དམ་ཅན་འཁོར་དང་བཅས་ལ་འབུལ། །མ་འཁྱོག་རྡོ་རྗེའི་དམ་ཚིག་འཛིན་པ་ལ། །བ་གམ་རྒྱ་ཕིབས་འགན་འདེགས་སྲུང་མའི་གཙོ། །ཕ་རོལ་བསྟན་པའི་རུ་ཏྲ་གཞོམ་པ་ལ། །པ་ཕའི་བྱ་ར་མེལ་ཚེ་མཛད་ལ་བསྟོད། །ན་བཟར་བེར་རྨོག་ཕྱག་མཚན་རྡོར་སྙིང་དང་། །ད་དགྲར་ཁྲོ་གཏུམ་གཉེན་ལ་འཛུམ་དམུལ་གྱིས། །ཐ་གྲུ་འཛམ་གླིང་ཉུལ་བའི་གློག་ཤུགས་ཅན། །ཏ་ཡས་རིག་འཛིན་བསྙེན་པའི་དགྲ་ལྷར་བསྟོད། །ཉ་གས་རྣལ་འབྱོར་དམ་ཚིག་མི་འཇལ་དུ། །ཇ་ཐུན་གཡེལ་མེད་སྲུང་སྐྱོབ་ཁྱེད་ཀྱིས་མཛོད། །ཆ་རྐྱེན་ཆོས་སྤྱོད་བདག་གིས་མི་གཡེལ་རྒྱུ། །ཅ་ཟིང་འདུ་འཛི་སྤོང་བས་ཐུགས་དམ་བསྐང། །ང་ཡུས་འཁང་མེད་དམ་བཅས་འཁོར་བཅས་ཀྱིས། །ག་ཐག་རིག་འཛིན་བདག་གིས་བརྣག་པའི་དོན། །ཁ་ཁར་མྱུར་དུ་སྒྲུབ་པའི་གྲོགས་དན་བཅས། །ཀ་ཁྲེགས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། ། འཕྲོ་འཐུད༑ རྒྱལ་བསྟན་གང་དུ་དར་བའི་ཕྱོགས་ཀུན་དང་། །ལྷག་པར་བདག་ཅག་གང་དུ་འདུག་པའི་སར། །མི་མཐུན་རྐྱེན་གྱི་མིང་ཡང་མི་གྲགས་ཤིང་། །རྣམ་ཀུན་དགེ་ལེགས་དཔལ་གྱིས་འབྱོར་པར་མཛོད། །ཆོས་འཁོར་གཉེན་པོ་ནོར་དང་སྲིད་ཀྱི་སླད། །འཁྲུལ་འཁོར་སྒྲ་ཚུལ་བསམ་ཡུལ་འདས་པའི་ཇུས། །ཁེ་དབང་ཐོབ་ཐང་བཙན་ཤུགས་ཀྱིས་འཕྲོག་པའི། །དབང་ཆེན་མི་ཡི་སྙིང་ཁྲག་ཞལ་དུ་གསོལ། །རང་དོན་སྤྱོད་པའི་ལུང་ཙམ་མ་ནོས་པར། །གཞན་དོན་འཁུར་བའི་རྣམ་འགྱུར་ལང་ལོང་གིས། །མཐའ་གྲོལ་རྡོ་རྗེའི་དབང་དམ་ལ་འགོངས་པའི། །ནག་ཉེས་རྟུལ་ཕོད་ཅན་རྣམས་རྡུལ་དུ་རློགས། །འཛམ་གླིང་ཀུན་ཏུ་ནད་མུག་འཁྲུག་རྩོད་སེལ། །ཆོས་ལྡན་ཁབ་ཏུ་ཞི་བདེའི་གཏན་རྩ་འཛུགས། །བཤད་སྒྲུབ་དགོན་གནས་མི་ཉམས་གོང་དུ་སྤེལ། །རྫོགས་ལྡན་སྣང་བ་དམ་པས་ཁྱབ་པར་མཛོད། །བདག་ཀྱང་གལ་ཏེ་ལས་ཀྱི་རྣམ་སྨིན་དང། །ཡང་ན་བསྟན་འགྲོའི་རྒུད་པ་གསོ་བའི་ཕྱིར། །མི་འདོད་རྐྱེན་ངན་ཐོག་ཏུ་འཁེལ་དགོས་ན། །དམ་ཅན་ཁྱེད་ཀྱིས་གཡེལ་མེད་རམས་འདེག་མཛོད། །རྣམ་ཀུན་ཐོས་བསམ་སྤྱོད་པས་དུས་འདའ་ཞིང། །སྒོམ་བསྲན་ལྟ་བས་སྒྲུབ་པའི་རྒྱལ་མཚན་སྒྲེང། །ཉམས་རྟོགས་དར་གྱི་ཤམ་བུས་ལེགས་གཡོགས་ཏེ། །དལ་རྟེན་དཔག་བསམ་གསོ་བའི་སྡོང་གྲོགས་མཛོད། །རྫོགས་ཆེན་བཤད་པའི་བཀའ་བབ་ཡུན་དུ་བརྟན། །སྒྲུབ་པའི་རིག་འཛིན་ས་ལམ་གོལ་མེད་བགྲོད། །བསྟན་པའི་སྦྱིན་བདག་མངའ་ཐང་གོང་དུ་སྤེལ། །གསང་སྔགས་བསྟན་པ་དར་རྒྱས་ཡུན་གནས་མཛོད། །རྣམ་གསུམ་སྡེ་སྣོད་འཛིན་པའི་དགེ་སྦྱོང་དང་། །བསླབ་གསུམ་རྣམ་གྲོལ་རྟོགས་པའི་སྐྱེས་ཆེན་དང་། །མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་སྔགས་འཆང་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་འཕེལ་བར་མཛོད། །སྣ་ཚོགས་གཟུགས་ཅན་དོན་དམ་དགེ་སློང་ཡང། །རིག་འཛིན་པདྨ་ཀ་རའི་གདུང་འཚོབ་ཕྱིར། །ཚེ་རིང་ནད་མེད་འདོད་དོན་ལྷུན་གྱིས་འགྲུབ། །ཉིན་མཚན་གཡེལ་མེད་བསྲུང་སྐྱོབ་མེལ་ཚེ་མཛོད། །མདོར་ན་བསྟན་དང་བསྟན་འཛིན་རིས་མེད་ཀྱི། །གནས་ཡུལ་གཞིས་གསུམ་ཆོས་ནོར་གཏེར་གསུམ་སྲུང་། །འགྲོ་ལམ་བྱས་གསུམ་འདོད་པའི་དོན་གསུམ་སྒྲུབས། །བཀྲ་ཤིས་རྣམ་པར་རྒྱལ་བའི་གྲོགས་དན་མཛོད། ། ། ། ཅེས་པ་འདི་ནི༐ ཨར་འདམ་བྲག་རོང་གི་རི་ཁྲོད་དུ་ རང་ཉིད་ཞོགས་ཐུན་ཅིག་གི་མཚམས་སུ་ དར་ཅིག་ཤེས་ཚོར་གྱི་སྣང་བ་འགག་ནས་ སླར་དྲན་གསོས་དུས་སྦྱར་ཟིན་འདུག་པ་དང་ ཕྱི་ལོགས་ལ་མི་ཞིག་ཀྱང་ མཁོ་བའི་ཡོ་བྱད་ཁྱེར་ནས་འབྱོར་འདུག་པས་ ཡང་ན་འཕྲིན་ལས་མྱུར་བདོག་ཁ་པོ་ ཡང་ན་ལྟས་དབང་ལེགས་བདོག་ཁ་པོ་ དེ་མིན་ནའང་རིག་འཛིན་དམ་ཚིག་གཙང་བདོག་ཁ་པོ་བཅས་ ཁ་པོ་རྣམ་གསུམ་གྱི་ཆེ་བ་ལྡན་པ་ཞིག་བྱུང་བའི་གསོལ་བསྡུས་འདི་ཡང་ རང་གི་ལག་ལེན་ཁོ་ནའི་ཆེད་དུ། རིག་འཛིན་རྒྱུ་སྐར་གྱི་དབང་པོས་སོ། ། སརྦ་མངྒ་ལཾ། །
དམ་ཅན་གསོལ་བསྡུས་ཨ་ཕྲེང་རྩོལ་མེད་ཐོལ་བྱུང་བཞུགས།
རིག་འཛིན་སྐར་མ༔
Tags
Deity
རིག་འཛིན་སྐར་མ༔
༈ ཨེ་ཧོ་གནས་ཡུལ་དག་པའི་དགོན་པ་ན། །འདུ་བ་སྨིན་པའི་ལྷན་སྐྱེས་འཁོར་ལོ་ལ། །སྒྲོན་མར་འགྱེད་པའི་ཆོས་ཀྱི་འཁོར་ལོ་འདི། །རིག་འཛིན་བསྟན་པ་འཛིན་ཕྱིར་ད་རེས་སྐོར། །བཀའ་བརྒྱུད་རྙིང་མ་ས་སྐྱ་དགེ་ལུཊ་སོགས། །ཆོས་བརྒྱུད་གང་ལའང་མི་གཏོགས་རང་ཚུགས་བཟུང་། །མི་ཆེན་བླ་ཆེན་བསྐུར་བའི་ངལ་བའང་སྤོང། །ད་ནི་གུ་ཡངས་བློ་བདེའི་བརྟུལ་ཞུགས་སྤྱོད། །བསྟན་འགྲོའི་སྲི་ཞུ་རླབས་ཆེར་མ་གྱུར་ཀྱང་། །གར་གནས་སུ་འགྲོགས་ཆོས་དང་བསྟུན་པ་ཡིས། །རིག་འཛིན་འཚོ་བའི་འབྱུང་འགྱུར་རྣམ་ཐར་རྣམས། །མ་འཆི་བར་དུ་རིམ་བཞིན་ཡི་གེར་འགོད། །རབ་ཏུ་རང་ཚུགས་ཟིན་པའི་བྱ་བྲལ་ཞིག །འབྲིང་དུ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག །མཐའ་མའང་བསྟན་པའི་ཞབས་འདེགས་སྦྱིན་བདག་ཞིག །ཅིས་ཀྱང་ལུས་རྟེན་འདི་ཀས་ཡོང་བར་སྨོན། །