ལྷ་ཆེན་རྭ་བྲག་པའི་གསོལ་བསྡུས་ཀ་ཕྲེང་དགྲ་ལྷ་དགྱེས་པའི་མདུང་དར།

༄༅། ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ༑ རྃ་ཡྃ་ཁྃ་ལས་རང་གནས་གཞལ་ཡས་སུ། །རིན་ཆེན་སྣོད་དུ་ཨོཾ་ཨཱཿཧཱུྃ་ཡིག་ལས། །ལྷ་ཆེན་གཙོ་འཁོར་དགྱེས་པའི་མཆོད་གཏོར་རྣམས། །བཞུས་ཏེ་ཡེ་ཤེས་བདུད་རྩིའི་ངོ་བོར་སྦྱང་། ། ཨོཾ༔ ཀ་དག་རང་གདངས་མཚོ་སྐྱེས་རྡོ་རྗེ་ཡིས། །ཁ་བ་ཅན་དུ་སྲུང་མར་གཉེར་གཏད་ཅིང། །ག་དག་ཁམས་གསུམ་དབང་འདུས་རྭ་བྲག་པ། །ང་ཡི་ཡུལ་ལྷ་སྤུན་གསུམ་འདིར་གཤེགས་ཤིག །ཅ་ནོར་འདོད་རྒུས་ཕུན་ཚོགས་མཛེས་པའི་ལྗོངས། །ཆ་བྱད་ལྷུན་མཐོ་རྭ་བྲག་གངས་ཀྱི་རི། །ཇ་སྨན་རྩི་ཤིང་བཀྲ་བའི་ཕོ་བྲང་ནས། །ཉ་ཕྲ་རིག་འཛིན་དགྲ་ལྷ་འདིར་གཤེགས་ཤིག །ཏ་ཡས་ལེགས་བཤད་རྒྱ་མཚོའི་གཏིང་རུམ་ནས། །ཐ་དག་ཟབ་དོན་ནོར་བུའི་གཏེར་ལོན་པའི། །ད་མཚམས་རིག་འཛིན་བདག་གི་འཚོ་བྱད་ལ། །ན་མར་སྐྱོང་བའི་གཡར་དམ་གཉན་པོར་དགོངས། །པ་ཎཾ་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །ཕ་མཐའ་ལས་འདས་མར་མེ་དྲི་ཆབ་སོགས། །བ་ལིངྟ་དང་མཆོད་པའི་བྱེ་བྲག་ཀུན། །མ་སྐྱེས་ཡིད་སྤྲུལ་དངོས་སུམ་གཤོམ་པས་མཆོད། །ཙ་རེའི་འཇིགས་རུང་ཁྲོ་ཞལ་ལྗགས་དམར་ལས། །ཚ་མྱགས་གློག་ཞགས་ང་རོས་ཕས་རྒོལ་གྱི། །ཛ་ལང་དྲེགས་པའི་བསྟན་དགྲ་ཀུན་འདུལ་བ། །ཝ་བཅད་སྦེད་ནག་ཡུལ་ལྷའི་རྒྱལ་པོར་བསྟོད། །ཞ་ཉེའི་བསེ་རྨོག་བསེ་ཁྲབ་རིན་ཆེན་དང་། །ཟ་འོག་མདུང་དར་སྦྲུལ་ཞགས་ནོར་བུས་བརྒྱན། །འ་འུབ་ཚངས་སྤྱོད་ཏི་གཡག་སྒྱུ་འཕྲུལ་འགྱེད། །ཡ་མཚན་བཙན་རྒོད་རྭ་བྲག་སྤུན་གསུམ་བསྟོད། །ར་གན་གསེར་དུ་བདག་གིས་མི་བརྫུ་རྒྱུ། །ལ་ལ་ཙམ་མིན་དོན་གྱི་བསྟན་པ་འཛིན། །ཤ་ཞེན་དམ་ཚིག་ཁྱེད་ཀྱིས་མི་གཡེལ་རྒྱུ། །ས་ངོས་གློག་ལྟར་ཉུལ་བའི་འཕྲིན་ལས་མཛོད། །ཧ་ནིའི་འདོད་ཡོན་མཆོད་རྫས་སྤྲིན་ལྟར་གཏིབས། །ཧ་ཐོར་སྨན་རཀ་བདུད་རྩིའི་ཆར་དུ་ཕབ། །ཨ་དོན་ཀུན་བཟང་དཔྱིད་ཀྱི་བུ་མོའི་ཟླས། །ཨ་མཚར་རྭ་བྲག་སྤུན་གསུམ་ཐུགས་དམ་བསྐང་། །དེ་ལྟར་ལྷ་བཙན་གསོལ་མཆོད་མི་ཆད་དུ། །ཀ་ཕྲེང་དགྲ་ལྷ་དགྱེས་པའི་མདུང་དར་སྒྲེང་། །སུ་ལ་འཁང་ཞིང་གནོད་འཚེ་མི་རྩོམ་དུ། །འགལ་འཁྲུལ་ཉམས་ཆགས་ཅི་མཆིས་བཟོད་པར་གསོལ། ། འཕྲོ་འཐུད༑ ཨཱཿ ཚེ་གཅིག་གཏན་གྱི་དགྲ་ལྷར་འགོས་པ་ལས། །ལུགས་གཉིས་གཞི་བྱེས་སྐྱོང་ལ་ཟླ་བྲལ་བའི། །ཁམས་གསུམ་དབང་འདུས་ལྷ་ཆེན་འཁོར་བཅས་ཀྱིས། །ཕྱོགས་བཞིར་རླུང་རྟ་སྤེལ་བའི་གྲོགས་དན་མཛོད། །འབྱུང་ལྔ་མཛའ་བའི་གྲོགས་སུ་འགུག་པ་ཡིས། །ཁམས་དྲུག་དྭངས་མའི་རླུང་རྟ་གནམ་ལ་འདེགས། །སྣ་བདུན་འབྱོར་པའི་དངོས་གྲུབ་ས་ལ་སྙིལ། །འཇིགས་བརྒྱད༌ཕྱོགས་མཐར་སྐྲོད་པའི་གྲོགས་དན་མཛོད། །རིམ་དགུ་ཐེག་པའི་གཤོག་རྩལ་ནང་ནས་རྒྱས། །ཆོས་བཅུའི་ཡོན་ཏན་ལོ་ནའི་ཚད་དུ་སྨིན། །བཅུ་གཅིག་སྒོམ་པའི་མཁའ་དབྱིངས་ལ་ལྡིང་སྟེ། །བཅུ་གཉིས་བཞི་གསུམ་ཟིན་པའི་གྲོགས་དན་མཛོད། །བཅུ་གསུམ་འཁོར་ལོས་བདག་སོགས་འཁོར་བཅས་ཀྱི། །གནས་ཡུལ་གཞིས་གསུམ་ཆོས་ནོར་གཏེར་གསུམ་སྲུང་། །སྲི་གདོན་ནད་ཟོར་རྒྱལ་པོའི་ཆད་པ་ཟློག །རྣམ་ཀུན་བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། ། ཧཱུྂ༔ སྲིད་ཞི་མཉམ་པར་གདལ་བའི་དཀྱིལ་འཁོར་ལ། །ལྷ་བཙན་གཤེགས་བཞུགས་རྣམ་བཞག་མ་མཆིས་ཀྱང་། །ཀུན་ཁྱབ་རྡུལ་མཚོན་ཐིགས་ཚད་གཞལ་མེད་ངང་། །གང་འདུལ་ཆུ་ཟླའི་རོལ་པར་ཨ་ལ་ཧོ། །  ། །ཅེས་པའང་རྐྱེན་སྣ་ཚོགས་པས་རྒྱུད་བསྐུལ་ཏེ་ རང་གི་ལག་ལེན་ཆེད་དུ་ ཨར་འདམ་བྲག་རོང་གི་རི་ཁྲོད་དུ་ གདན་གསུམ་ལྷ་ཚོགས་མཆོད་པའི་ཞོགས་ཐུན་དུ་ རིག་འཛིན་སྐར་མས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །  ། །སརྦ་མངྒ་ལཾ་བྷ་ཝནྟུ། །


རྣམ་གྲངས་དྲན་ཐོ༑ ཚེ་གཅིག་ནི༑ ད་ལྟའི་སྐྱེ་བ་འདི་གཅིག་གོ ། ལུགས་གཉིས་ནི༑ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་ལུགས། ཆོས་ཁྲིམས་དར་གྱི་དུད་པའི་ལུགས་སོ། ཁམས་གསུམ་ནི༑ འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་སོ། ཕྱོགས་བཞི་ནི། ཤར་ལྷོ་ནུབ་བྱང་ངོ་། འབྱུང་ལྔ་ནི༑ ས་ཆུ་མེ་རླུང་ནམ་མཁའོ། ཁམས་དྲུག་ནི༑ ས་ཆུ་མེ་རླུང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་སོ། སྣ་བདུན་འབྱོར་པ་ནི༑ འཁོར་ལོ་བཙུན་མོ་ནོར་བུ་རིན་པོ་ཆེ། །རྟ་གླང་བློན་པོ་དམག་དཔོན་རིན་པོ་ཆེ། ། འཇིགས་པ་བརྒྱད་ནི༑ སེངྒེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པའོ། ། ཐེག་པ་རིམ་དགུ་ནི༑ ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། ཀྲི་ཡ་ཨུ་པ་ཡོ་ག་གསུམ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་མོ། ཆོས་བཅུ་ནི༑ ཤེས་བྱ་ལམ་དང་མྱང་འདས་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབས་འབྱུང་འགྱུར་དང་། །ངེས་པ་དང་ནི་ཆོས་ལུགས་ཤེས་པ་དག །ཕུན་ཚོགས་ཆོས་ཀྱི་ཡོན་ཏན་རྣམ་བཅུར་བཤད། ། སྒོམ་ལམ་བཅུ་གཅིག་ནི༑ ཡོངས་སུ་རྟོགས་པའི་ལམ། རྩོལ་བ་ལས་བྱུང་བའི་ལམ། ཡོངས་སུ་བྱང་བྱས་པའི་ལམ། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ། ངེས་འབྱིན་གྱི་ལམ། གནས་དང་དབང་པོ་ཐ་དད་པའི་ལམ། བསླབ་གསུམ་ཡོངས་སུ་སྦྱོང་བའི་ལམ། ཡོན་ཏན་སྒྲུབ་པར་བྱེད་པའི་ལམ། ལམ་སྡུད་པའི་ལམ། མངོན་པར་རྟོགས་པ་དང་མ་འདྲེས་པའི་ལམ། མངོན་པར་རྟོགས་པའི་ལམ་མོ། རྣལ་འབྱོར་བཞི་གསུམ་བཅུ་གཉིས་ནི༑ རྩེ་གཅིག་ཆེ་འབྲིང་ཆུང་གསུམ། སྤྲོས་བྲལ་ཆེ་འབྲིང་ཆུང་གསུམ། རོ་གཅིག་ཆེ་འབྲིང་ཆུང་གསུམ། བསྒོམ་མེད་ཆེ་འབྲིང་ཆུང་གསུམ་མོ། བཅུ་གསུམ་འཁོར་ལོ་ནི༑ དུ་རུ་དུ་རུ་ཙཀྲ། བཛྲ་ཡ་བཛྲ་ཡ་ཙཀྲ། ཧ་ན་ཧ་ན་ཙཀྲ། མ་ར་ཡ་མ་ར་ཡ་ཙཀྲ། གྷིན་དུ་མ་ལེ་ཨེ་ནན་ཙཀྲ། ཛཱ་ལ་ཛཱ་ལ་ཙཀྲ། ཧཱུཾ་ཧཱུྃ་ཕཊ་ཕཊ་ཙཀྲ། སརྦ་ཤ་གི་ནི་ཨ་ཝ་ར་ཎ་ཙཀྲ། བྷ་ལ་ཡ་བྷ་ལ་ཡ་ཙཀྲ། ན་ག་ཤ་ཡ་ན་ག་ཤ་ཡ་ཙཀྲ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཙ་ཀྲ། བྷ་མ་བྷ་མ་ཙཀྲ། ས་མནྟ་ཀ་ར་ཙ་ཏྲི་ཏི་ག་ན་ཙཀྲ། 


Previous Post Next Post