དགོང་དྲོ་ཞིག་གི་སེམས་རིས་ཇ་ཆང་གི་ཚོགས་འཁོར་ལ་ཟླ་བ།

༄༅།  ། ཨ་རེ་ཧོ༑ ལྷོ་མོན་ཤིང་ལོའི་ཚལ་སྐྱེས་རྩིས་ཤིང་གི་བུ་མོ། །ཡོན་ཏན་སྒྲོན་མ་ལ་སོགས་རང་བྱུང་གི་ཐང་བཅུད། །ཛཱ་ཏི་སྨན་དང་ཚྭ་མར་ལྷན་ཅིག་ཏུ་བསྲུབ་པས། །ཁ་དོག་རོ་བཅུད་ལྡན་པའི་བསྲུ་ཇ་འདི་གར་བ། །བྱང་ཤར་རྒྱ་དཀར་འཁྱམ་གདལ་ཡུལ་ཀླུང་གི་རི་མདངས། །གཞོན་ནུའི་བུ་མོས་བཏུས་པའི་སྔོ་ལྗང་གི་ཇ་སྣ། །སྦྲང་རྩི་འོ་མ་ཀ་ར་བུ་རམ་དང་སྦྱར་བས། །ཞིམ་དགུའི་རོ་བཅུད་ལྡན་པའི་ཅཱ་ཡེ་འདི་མངར་བ། །ལྷོ་གླིང་ཀོ་ལཱོམ་བྷི་ཡར་འཕྲུལ་སྐྱེད་ཀྱི་འཐོན་སྐྱེད། །རོ་བརྒྱས་འདོད་རྒུ་འབྱིན་པའི་ནུས་ལྡན་གྱི་ཀཱོ་ཕི། །རང་རྐྱང་འོ་མངར་ཚ་བསིལ་གང་དགའ་རུ་བཟོས་པས། །དྲི་བསུང་རོ་མཆོག་ལྡན་པའི་འཚིག་ཇ་འདི་སྐ་བ། །ཤར་ཕྱོགས་ཨུ་རུ་སུ་ན་ཡོངས་འཛག་གི་བདུད་རྩི། །ལྷ་མིན་ཐབས་ཀྱིས་བསྐྱེད་པ་རིས་མེད་ཀྱི་ལོངས་སྤྱོད། །ཤེལ་གྱི་ཕུད་ཀོང་གཏིང་དུ་འཁྱགས་རིལ་དང་འདྲེས་པས། །དྲི་རོ་ནུས་བཅུད་ལྡན་པའི་བྷཱོཌ་ཀ་འདི་ངར་བ། །ནུབ་ཕྱོགས་བདེ་ཅན་ཞིང་ན་འོད་དམར་གྱི་སྣང་མཐའ། །ཞལ་སྐྱིན་མཇལ་དུ་བསྐྱོད་འདྲའི་རྟ་བདུན་གྱི་ལྷ་བུ། །ནུབ་རི་ཕར་གྱི་ཕྱོགས་སུ་ཝལ་ཝལ་གྱི་དེངས་པས། །དགའ་སྐྱོ་འཁྲུལ་སྣང་ལྡང་བའི་ལུས་སྐྱེས་འདི་གཡོས་པ། །སྙིང་དབུས་འོག་མིན་ཞིང་ན་གཞི་དབྱིངས་ཀྱི་གཤིས་ལུགས། །སྐད་ཅིག་རང་ངོས་ཟིན་པའི་བུམ་སྐུ་ཡི་བླ་མ། །ཁྱབ་གདལ་རང་བྱུང་ཡེ་ཤེས་ཟང་ཐལ་དང་འབྲེལ་བས། །རིག་གདངས་ཉག་གཅིག་གསལ་བའི་རིན་ཆེནའདི་མཇལ་བ། །ས་ཕྱོགས་སྐྱིད་རོང་གྲོང་ན་མཛངས་རབ་ཀྱི་སྨིན་ལེགས། །གཞོན་ནུའི་ལང་ཚོ་ངོམས་པའི་འཛུམ་ལྡན་གྱི་དགའ་མ། །སེམས་བརྡ་དྲ་རྒྱས་མཐུདཔའི་སྙིང་གཏམ་ལ་རོལ་བས། །བརྩེ་གདུང་དམ་ཚིག་བརྟན་པའི་སྙིང་གྲོགས་འདི་བཟང་བ། །འཁོར་ལོ་ལྔ་དང་དྭངས་མ་དྲུག་ལྡན་གྱི་གདན་ལ། །གདོད་ནས་ལྷན་སྐྱེས་ཐིག་ལེ་ཉག་ཅིག་གི་དགའ་བ། །ལས་རླུང་ཡེ་ཤེས་ཟུང་འཇུག་འཛབ་དབྱངས་ཀྱིས་འགུལ་བས། །ཟད་མེད་བདེ་ཆེན་འབར་བའི་གཞི་དབྱིངས་འདི་གསལ་བ། །དེ་ལྟར་འཆི་མེད་ཕུང་ཁམས་བདེ་ཆེན་གྱི་ལོངས་སྤྱོད། །སྤང་བླང་བྱ་རྩོལ་མེད་པའི་རྣལ་འབྱོར་གྱིས་རོལ་ཏེ། །སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་སུ་ལྟ་བས། །གོ་ཡུལ་རོ་བཅུད་མྱོང་བའི་རིག་འཛིན་འདི་སྐྱིད་པ། །ཇི་སྲིད་བདག་གི་དལ་རྟེན་ཕུང་པོ་འདི་འཚོ་བ། །དེ་སྲིད་སྡེ་གསུམ་ཆོས་ཀྱི་རྒྱལ་མཚན་འདི་སྒྲེང་ཞིང། །འབྲེལ་ཚད་བདེ་བ་ཆེན་པོའི་དགའ་སྟོན་ལ་སྦྱར་བས། །པད་འབྱུང་གདུང་བརྒྱུད་འཚོབ་པའི་སྨོན་ལམ་ཅིག་ ༼ཞིག༽ ཞུའོ། །   ། །ཞེས་པའང་ ཨར་འདམ་བྲག་རོང་གི་རི་ཁྲོད་དུ་ དགོང་དྲོ་ཞིག་ ཐང་བཅུད་ཀྱི་བདུད་རྩི་སོགས་ལ་རོལ་ཀྱིན་ རྟ་བདུན་གྱི་དབང་པོ་ པདྨོའི་རི་ལ་ཉེ་སར་ལྟས་འདུག་སྐབས་ཀྱི་སེམས་ཀྱི་འཁྱེར་སོ་ཁ་ཤས་ རང་གི་དྲན་ཐོར་བཀོད་པ་འདིའང་རིག་འཛིན་སྐར་མས་སོ། །



Previous Post Next Post