དོན་རྒྱན་བཞི་དང་རྟོག་རྒྱན་གཅིག་གི་དོ་ཤལ།

༄༅།  ། ཀྱེ་ཀྱེ༑ ངོ་བོ་ཆོས་སྐུ་གདོད་ནས་མངོན་གྱུར་ཀྱང་། །རང་བཞིན་ལོངས་སྐུ་འགག་མེད་སྒྱུ་འཕྲུལ་གྱིས། །ཐུགས་རྗེ་སྤྲུལ་སྐུའི་འགྲོ་དོན་མཐའ་ཡས་པ། །མེ་མེ་བླ་མ་འདྲེན་མཆོག་ཡོངས་ཀྱི་གཙོ། །བཀའ་བསྟན་མང་དུ་ཐོས་ཤིང་བསམ་པས་མཁྱེན། །དབང་ལུང་ཡོངས་རྫོགས་ཞུས་ཤིང་སྨིན་པས་བརྩེ། །མན་ངག་རིས་མེད་སྒོམ་ཞིང་གྲོལ་བས་ནུས། །མཚུངས་བྲལ་མེ་མེ་བླ་མ་གཙུག་ན་རྒྱལ། །གང་གི་མཛད་རྣམ་རྒྱ་མཚོའི་ཆུ་ཐིག་ཙམ། །ཐོས་པས་དད་པའི་སྤུ་ལོང་འགུལ་ནུས་ན། །གཞི་སྣང་རང་སོར་རྟོགས་པའི་མན་ངག་སོགས། །ཞུས་སྐལ་མཆིས་པ་དེ་རྣམས་ཅི་མི་གྲོལ། །ཕྱི་ལྟར་ཁྱིམ་པའི་ངང་ཚུལ་སྐྱོང་ན་ཡང་། །ནང་ལྟར་ཧྲུལ་གསེབ་ལྷུང་བའི་གསེར་རྡོག་ལྟར། །ཡོན་ཏན་རིན་ཐང་འཛིན་པའི་ཡ་མཚན་ཅན། །གྲུབ་དབང་སྐུ་ཕྲེང་ནོར་བུའི་མཆོག་ལ་བཏུད། །འཕྲལ་སྣང་སྨིག་སྒྱུ་ལྟ་བུའི་ཕུན་ཚོགས་ཀུན། །ཕུགས་ཀྱི་དགའ་བདེ་འཕྲོག་པའི་རྒྱུར་གཟིགས་ཤིང་། །འཇིགས་ཞུམ་འགྲོ་ལ་སྒྲོལ་མ་དཀར་མོས་བཞིན། །ཚེགས་མེད་ཨོ་རྒྱན་ཞིང་དུ་འདྲེན་འཚལ་ལོ། །ཞེས་པའི་དོན་རྒྱན་བཞི་དང་རྟོག་རྒྱན་གཅིག་གི་དོ་ཤལ་འདི་ནི་ ཡུན་རིང་གོང་ནས་མཆེད་གྲོགས་སུ་གྱུར་པ་ གྲུབ་དབང་བསོད་བཟང་གི་སྐུ་ཕྲེང་ལ་ཕུལ་བའི་ ཆོས་བསྐུལ་ཀུ་རེའི་བསླབ་ཕྲེང་ལས་ཕྱུངས་པ་སྟེ་ འདིའང་རིག་འཛིན་སྐར་མས་སོ། །



Previous Post Next Post