དབྱིངས་གཟུགས་གཅེར་མོས་མྱོས་པའི་ལེགས་སྨོན།

༄༅།  ། ཧོ་ལཱ༑ སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །མགོན་ལ་འཁྲུལ་མེད་ཆེས་མཆོག་རྩ་བ་གསུམ། །རེ་ལྟོས་ནོར་མེད་རྩ་རླུང་ཐིག་ལེ་གསུམ། །རྣམ་ཀུན་གཡེལ་མེད་བཏུད་དོ་ཐུགས་རྗེས་ཟུངས། །ཕྱོགས་བཅུ་རབ་འབྱམས་ཞིང་ན་བདེ་གཤེགས་ཀྱི། །རིགས་གཟུང་གདུང་འཚོབ་བི་ད་དྷ་རའི་ལམ། །གང་ཟག་མཚན་མས་མངོན་དུ་མ་བྱས་ཀྱང་། །རྒྱུད་ལྡན་རིག་འཛིན་ངེད་ཅག་བློ་རེ་བདེ། །མཁའ་དབྱིངས་དུས་ཚིགས་གཅིག་མཚུངས་རིག་པའི་ངོར། །ལོ་ཟླ་ཞག་དུས་སེམས་ཁྲལ་མི་དགོས་བཞིན། །ཐ་མལ་སྣང་ཞེན་དོད་པའི་ལོ་གྲངས་དང་། །ལུས་སེམས་གཉེར་མའི་ཁྱེར་གསོ་རྗེས་རུང་སྐྱིད། །བཅུ་ཕྲག་ཉིས་འདབ་ཁམས་དྲུག་དྭངས་མའི་སྦུབས། །མགོ་སེར་ཉི་མས་འབྱེད་པའི་དགའ་སྟོན་དང་། །བརྒྱ་ཕྲག་ཕྱེད་འཚམས་ཉུལ་བའི་ཟླ་ཕྲེང་ཡང་། །གཉུག་མར་གསོ་བའི་བཀྲ་ཤིས་ལེགས་སྨོན་སྤྲོ། །ཨེ་མ་ཡོངས་འཛག་བདུད་རྩིའི་སྨིན་ལེགས་ཀྱིས། །སྲིད་ཞིའི་སོ་མཚམས་འཇིལ་བའི་མལ་ཁྲི་ནས། །སྙིང་ཐིག་དྲོན་མོའི་སྒེག་ཉམས་ཅི་ཡང་དང་། །དབྱིན་མོའི་འགྲོས་ཀྱིས་འགྲོ་འོང་སྤྲོ་བས་བསུ། །འདི་ན་སྣང་སྲིད་ཀུན་གསལ་གཟུགས་འཛིན་མ། །སྒྲིབ་མེད་ལྷ་དང་ལྷ་མོའི་ལྟད་མོར་ལྟ།  །ཅིར་སྣང་ཞལ་ཕྱག་མཚན་རྫོགས་ཟློས་གར་རྣམས། །མཚར་དུ་མཐོང་ཕྱིར་དབྱིན་ལོ་གསར་པ་བསུ། །ཕར་ན་གྲགས་ཚད་ཀུན་ཐོས་སྒྲ་འཛིན་མ། །འགགས་མེད་སོ་སོར་རིག་པའི་གཏེར་དུ་ཉར། །ཅི་ཐོས་དབྱིངས་རིག་ངོ་སྤྲོད་གདམས་པ་རུ། །འཇེབ་ཏུ་གོ་ཕྱིར་དབྱིན་ལོ་གསར་པ་བསུ། །ཚུར་ན་དྲན་ཚད་ཀུན་རྟོག་རྣམ་འཛིན་མ། །སྐྱེས་མེད་གདོད་མའི་གཤིས་སུ་བབས་ཀྱིས་བཅིལ། །ཅི་དྲན་ངོ་བོ་ཉིད་ཀྱི་རང་གདངས་སུ། །གསལ་ལེར་རིག་ཕྱིར་དབྱིན་ལོ་གསར་པ་བསུ། །བར་ན་སྣང་གྲགས་རིག་པ་ལྷུན་འབྱམས་མ། །ཕྱོགས་ལྷུང་དགག་སྒྲུབ་བྱ་རྩོལ་མི་དགོས་པར། །འཁོར་དང་མྱང་འདས་གཞིར་རྫོགས་བྱུང་རྒྱལ་དུ། །ཀུན་ལ་བསྟན་ཕྱིར་དབྱིན་ལོ་གསར་པ་བསུ། །ཨ་གསར་དབྱིན་མོའི་འགྲོ་འོང་ལྷན་གཅིག་ཏུ། །མི་རྣམས་རང་རང་འདོད་པའི་རེ་སྒུག་ལྟར། །ཚེ་རིང་ནད་མེད་བསམ་དོན་ལྷུན་གྱིས་གྲུབ། །དཀོན་མཆོག་གསུམ་གྱིས་རྣམ་ཀུན་སྐྱོབ་པར་སྨོན། །ཀྱེ་ཧོ་སྨྲ་བསམ་བརྗོད་བྲལ་དབྱིངས་གཟུགས་ལ། །གླེན་པས་བུ་རམ་རོ་མཆོག་མྱོང་བ་བཞིན། །སྙིང་ཐིག་ཡོངས་འཛག་བདུད་རྩི་ལ་རོལ་ཏེ། །ཀུན་ཀྱང་རང་བབས་གཅེར་མོས་མྱོས་གྱུར་ཅིག།  །། ཅེས་པའང་ཨུ་རུ་སུའི་ཡོངས་འཛག་གིས་བེར་ཞོར་བབ་ཅོལ་དུ་སྨྲས་པ་ལས་ དྲ་གྲོགས་རྣམས་ལ་དབྱིན་ལོ་༢༠༢༦ གསར་ཚེས་ཀྱི་ལེགས་སྨོན་དུ་རིག་འཛིན་སྐར་མས་ཕུལ་བའོ། ། ཛཱཡནྟུ། །



Previous Post Next Post