སྐྱབས་རྗེ་ནམ་སྙིང་རིན་པོ་ཆེར་བསྔགས་པའི་ཀ་ཕྲེང་རྒྱན་བཞིའི་དོ་ཤལ།

༈ ཀ་དག་གདོད་མའི་མགོན་པོ་ཀུན་བཟང་པོ། །ཁ་སྦྱོར་ཡན་ལག་བདུན་ལྡན་ཚོམ་བུའི་མདངས། །ག་སར་ཆུ་ཟླའི་གར་གྱིས་རྣམ་རོལ་བ། །ང་ཡི་འདྲེན་མཆོག་ནམ་སྙིང་གཙུག་ན་རྒྱལ། །ཅ་དག་ཚུལ་ཁྲིམས་འཛིན་མའི་ཁོད་མཉམ་ཞིང་། །ཆ་རྫོགས་ཏིང་འཛིན་དལ་འགྲོའི་མཛོད་ལས་ཟབ། །ཇ་ཡུན་ཤེས་རབ་ནམ་མཁའི་མཐས་གཏུགས་པ། །ཉ་མའི་འདྲེན་མཆོག་བསྟན་པའི་སྙིང་པོ་རྒྱལ། །ཏ་ལེར་བརྗིད་པའི་ངུར་སྨིག་འཛིན་པའི་ཁྲོད། །ཐ་དག་ཉམས་ཆུང་སྐྱེ་དགུའི་དཔལ་གྱུར་པ། །ད་དུས་བསྟན་འགྲོའི་སྲོག་ཤིང་ཉག་ཅིག་ཁྱེད། །ན་མར་ཞབས་པད་བརྟན་པར་ཀུན་ནས་སྨོན། །ཙ་བྱཱ་རིགས་གསུམ་སྨན་གྱི་རོ་ནུས་ཅན། །ཚ་གདུང་དུག་གསུམ་སེལ་བའི་མན་ངག་གིས། །ཛ་ལང་སེམས་ཀྱི་ནད་པ་ཀུན་སྐྱོབ་པ། །ཝ་ཏི་དུཿ་ཁའི་མགོན་པོ་ཁྱོད་ལ་བསྔགས། །ཞ་ཐུལ་ཕྱམ་རྩེའི་བརྗིད་ཆགས་ཆོས་བདུན་དང་། །ཟ་ཧོར་ཡོད་སྨྲའི་འདུལ་བ་གཙང་མར་འཛིན། །འ་ཅག་སྙིགས་དུས་སྐྱེ་འགྲོའི་གཙུག་ན་མཛེས། །ཡ་མཚན་འགྲན་གྱི་ཟླ་མེད་མཆོག་ཏུ་རྨད། །ར་ས་འཕྲུལ་སྣང་གཉིས་པ་མཁར་མཆུའི་དགོན། །ལ་ཕྱི་ཆུ་དབར་གཉིས་པ་སྒྲུབ་པའི་སྡེ། །ཤ་འོད་རྒོད་ལྡེམ་གཉིས་པའི་གཏེར་གྱིས་ཕྱུག །ས་སྟེང་ཨོ་རྒྱན་གཉིས་པ་རབ་ཏུ་བཏུད། །ཧ་ཡང་དངུལ་དུ་ནོར་བའི་རྨོངས་དད་དང་། །ཧ་ལམ་ཚིག་སྐམ་སྒྲོ་སྐུར་མ་ཡིན་པར། །ཨ་ཅང་རང་བཞིན་བརྗོད་པ་བཞི་འདུས་ཏེ། །ཨ་སྔོན་སྙིང་པོར་ཅུང་ཟད་བསྟོད་པར་དགེའོ། ། ཞེས་པའང་ མཁོ་མ་བཛྲ་ཏཱ་རས་ རང་གི་རྩ་བའི་བླ་མའི་འཁྲུངས་སྐར་ལ་འདི་འདྲ་ཞིག་དགོས་ཞེས་ རླུང་འོ་དང་སྦྲག་བསྐུལ་བའི་ངོར་ ད་དེང་ཟ་ཧོར་མཁན་པོའི་འདུལ་རྒྱུན་འཛིན་པོ་ཆེན་པོ་ལ་ ཅུང་ཙམ་རྨད་ཀྱང་དགེ་ཚན་ཆེ་བ་ལས་མེད་སྙམ་ཏེ་ དོན་རྒྱན་བཞི་དང་དགོངས་རྒྱན་གཅིག་པོ་བསྟར་ལ་རྒྱུས་ཏེ་ རིག་འཛིན་དྲ་རྒྱའི་དབང་པོས་སོ། །


Previous Post Next Post