རིག་འཛིན་དབེན་གསུམ་རོང་དུ་བསྐྱོད་པའི་ཉམས་མགུར།
Song of coherence, the great perfection, farewell lament of a vidyadhara.
༈ རིག་འཛིན་ང་དང་ང་རང་མི་ཟེར་ཏེ། །རིག་འཛིན་ང་ནི་འོད་གསལ་ཀློང་ནས་སྐྱེས། །ཕྱི་རོལ་སྣང་བའི་ཡུལ་ཀུན་དཔེ་ཆར་ཤར། །ནང་དུ་སེམས་ཀྱི་རྒྱུ་བ་གདམས་པར་གྲོལ། །བར་དུ་ཁྲེགས་ཆོད་ཐོད་རྒལ་གཤོག་རྩལ་གྱིས། །རེ་དོགས་ཇག་རྐུན་འཕྲང་རུམ་ཀུན་གཤགས་ཏེ། །བཅུ་དྲུག་སོ་གཉིས་ནམ་མཁར་ལྡིང་ལྡིང་ནས། །གདོད་མའི་རྒྱལ་སར་འཕུར་བའི་རིག་འཛིན་ཡིན། །འདི་ནང་འགྲོ་བྱ་འགྲོ་བྱེད་མ་མཆིས་ཀྱང་། །སྣང་ཆའི་རྟེན་འགྲེལ་སྔོ་སངས་ལྷ་མོ་དང་། །གཟུང་དང་འཛིན་པ་མེད་པའི་ཟུང་འཇུག་གིས། །འགྲོ་འོང་རང་སངས་ཆས་པའི་རིག་འཛིན་ཡིན། །དབུས་ན་ཀུན་བཟང་ཉིན་བྱེད་འོད་གསལ་ཞིང་། །མཐའ་ན་ཐུབ་དབང་འཛམ་བུའི་གོ་ལ་བརྗིད། །ཟུར་ན་པད་འབྱུང་བསིལ་བྱེད་བཀྲ་བའི་འཁྲིར། །སྐར་མའི་འོད་ཕུང་འཕྲོ་བའི་རིག་འཛིན་ཡིན། །ད་ནི་རིག་འཛིན་མི་སྡོད་རིག་འཛིན་འགྲོ། །རིག་འཛིན་གཉན་ས་རི་ཁྲོད་འགྲིམ་དུ་འགྲོ། །ཕྱི་ནང་བདུད་བཞིའི་དཔུང་ཚོགས་གཞོམ་དུ་འགྲོ། །ལྷ་ལྕམ་སྒྲོལ་མ་སྐྱིད་པོར་བཞུགས་སོ་འཚལ། །གལ་ཏེ་ད་རེས་རིག་འཛིན་མ་འགྲོ་ན། །སྒྱུ་མའི་ཕུང་པོ་གཡོས་པའི་ཁྲམ་འགྱུར་གྱིས། །ཏིང་འཛིན་རྣམ་བཞིའི་ངེས་ཤེས་བརྡིབ་པའི་ཚེ། །ཀུན་བཟང་རྒྱལ་པོའི་རྒྱལ་སྲིད་ཤོར་ཉེན་གདའ། །ད་ནི་རིག་འཛིན་མི་སྡོད་རིག་འཛིན་འགྲོ། །རིག་འཛིན་ཕུང་པོ་གཟན་དུ་སྐྱུར་དུ་འགྲོ། །བདག་འཛིན་དམ་པོའི་མངོན་ཞེན་གཞོམ་དུ་འགྲོ། །ལྷ་ལྕམ་སྒྲོལ་མ་སྐྱིད་པོར་བཞུགས་སོ་འཚལ། །གལ་ཏེ་ད་རེས་རིག་འཛིན་མ་འགྲོ་ན། །སྙེམས་བྱེད་ལྷ་མིན་བུ་མོའི་རྣམ་འགྱུར་གྱིས། །ཏིང་འཛིན་ཡིད་ཀྱི་སྡོམ་པ་འཕྲོག་པའི་ཚེ། །ཀུན་ཏུ་བཟང་མོའི་བཙུན་མོ་ཤོར་ཉེན་གདའ། །ད་ནི་རིག་འཛིན་མི་སྡོད་རིག་འཛིན་འགྲོ། །རིག་འཛིན་ཉག་ཅིག་རྩད་ནས་གཅད་དུ་འགྲོ། །ཨ་འཐས་གཟུང་འཛིན་བག་ཆགས་གཞོམ་དུ་འགྲོ། །ལྷ་ལྕམ་སྒྲོལ་མ་སྐྱིད་པོར་བཞུགས་སོ་འཚལ། །གལ་ཏེ་ད་རེས་རིག་འཛིན་མ་འགྲོ་ན། །རྣམ་གཡེང་ལྷ་བུ་གཞོན་ནུའི་དམག་དཔུང་གིས། །ཏིང་འཛིན་ལྕགས་ཀྱི་ར་བ་བརྡོལ་བའི་ཚེ། །ཀུན་བཟང་གདོད་མའི་རྒྱལ་སྲིད་ཤོར་ཉེན་གདའ། །ད་ནི་རིག་འཛིན་མི་སྡོད་རིག་འཛིན་འགྲོ། །རིག་འཛིན་ཀ་དག་ཁྲེགས་ཆོད་ལམ་དུ་འགྲོ། །རང་བྱུང་ཡེ་ཤེས་རྒྱལ་ཁམས་སྐོར་དུ་འགྲོ། །ལྷ་ལྕམ་སྒྲོལ་མ་སྐྱིད་པོར་བཞུགས་སོ་འཚལ། །གལ་ཏེ་ད་རེས་རིག་འཛིན་མ་འགྲོ་ན། །ཐོགས་བཅད་ཐོགས་མེད་འབངས་འཁོར་འབུམ་ཕྲག་རྣམས། །ཨ་འཐས་རང་ངོ་ལོག་པའི་འོག་རྒོལ་གྱིས། །ཀུན་བཟང་རྒྱལ་པོའི་མངའ་ཐང་ཉམས་ཉེན་གདའ། །ད་ནི་རིག་འཛིན་མི་སྡོད་རིག་འཛིན་འགྲོ། །རིག་འཛིན་ལྷུན་གྲུབ་ཐོད་རྒལ་དབུ་རྩེར་འགྲོ། །འོད་གསལ་སྣང་བཞི་སྒྲོན་མེ་སྤར་དུ་འགྲོ། །ལྷ་ལྕམ་སྒྲོལ་མ་སྐྱིད་པོར་བཞུགས་སོ་འཚལ། །གལ་ཏེ་ད་རེས་རིག་འཛིན་མ་འགྲོ་ན། །འཆི་བདག་བདུད་ཀྱི་དམག་དཔུང་ལྷགས་པའི་ཚེ། །བདེ་སྐྱིད་རང་དབང་འཕྲོག་པའི་མུན་མདུང་གིས། །ཀུན་བཟང་རྒྱལ་པོའི་རང་བཙན་འཕྲོག་ཉེན་གདའ། །ད་ནི་རིག་འཛིན་མི་སྡོད་རིག་འཛིན་འགྲོ། །རིག་འཛིན་ཀུན་བཟང་རྒྱལ་སྲིད་འཛིན་དུ་འགྲོ། །སྐུ་གསུམ་རྒྱལ་ཁམས་བདེ་བར་བསྐྱང་དུ་འགྲོ། །ལྷ་ལྕམ་སྒྲོལ་མ་སྐྱིད་པོར་བཞུགས་སོ་འཚལ། །གལ་ཏེ་ད་རེས་རིག་འཛིན་མ་འགྲོ་ན། །ཉོན་མོངས་བདུད་བློན་རྣམས་ཀྱིས་ཇུས་བཤམས་ཏེ། །རིག་པའི་རྒྱལ་སྲས་རྒྱང་དུ་སྐྱུགས་པ་ན། །ཀུན་བཟང་གདོད་མའི་རྒྱལ་བརྒྱུད་གཅད་ཉེན་གདའ། །ཀྱེ་མ་ཀྱེ་ཧུད་ལྷ་ལྕམ་སྒྲོལ་མ་ལགས། །ད་རེས་རིག་འཛིན་མི་འགྲོ་འགྲོ་དགོས་འདི། །ཀ་མེད་དུས་ཀྱིས་གཉན་པའི་ཉེར་ལེན་ལགས། །ལྷ་ལྕམ་སྒྲོལ་མ་སྐྱིད་པོར་བཞུགས་སོ་འཚལ། །སྐྱེ་འཆི་འདུ་འབྲལ་འཁོར་བའི་ཆོས་ཉིད་ལ། །སྙིང་སྡུག་སྐྱོ་བའི་མིག་ཆུ་མི་གཏོང་འཚལ། །མཛའ་བརྩེ་མི་རྟག་སྟོན་ཀའི་འཇའ་མཚོན་ལ། །ལྷ་ལྕམ་མངོན་ཞེན་སྡུག་གིས་མི་མནར་འཚལ། །སྙིང་ཁོངས་གཏིང་ནས་གཅེས་པའི་ལྷ་ལྕམ་ཁྱེད། །འཁྲིད་ན་ཡར་གྱི་རི་ལས་ལྗིད་པོ་ཆེ། །བཞག་ན་མར་གྱི་གསེར་ལས་རིན་ཐང་ཆེ། །འོན་ཀྱང་བྱ་ཐབས་དབེན་ནོ་དགོངས་སོ་འཚལ། །ད་ལྟ་རིག་འཛིན་འགྲོ་བའི་སྐྱེལ་མ་མཛོད། །རྗེས་སུ་ཁྱེད་རང་འོང་བའི་བསུ་ལེན་མཆིས། །འོག་མིན་པདྨ་འོད་ཀྱི་གྲོང་ཁྱེར་དེར། །འུ་གཉིས་འདུ་འབྲལ་མེད་པའི་སྨོན་ལམ་ཞུ། ། ། །ཞེས་པའང་ ལྷ་ལྕམ་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་ བློ་གཏེར་སྒྲོལ་མའི་མཚན་ཅན་འདི་དང་ རང་ཉིད་རེ་ཞིག་འབྲལ་མི་ཕོད་བཞིན་དུ་འབྲལ་དགོས་བྱུང་ཚེ་ ཧིང་འཇགས་ཀྱི་སྙིང་གཏམ་དུ་བླངས་པའི་གླུ་ཕྲན་འདི་ཡང་ རིག་འཛིན་སྐར་མས་སོ། །
