རང་ལུགས་བརྒྱུད་པའི་གསོལ་འདེབས་དང་སྨོན་ལམ།

༈ བླ་མ་བརྒྱུད་པའི་གསོལ་འདེབས་ནི། 
ཨེ་མ་ཧོ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་༔ ལོངས་སྐུའི་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས༔ སྤྲུལ་སྐུའི་མཚན་རྫོགས་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔ ཤྲཱི་སེངྷ་དོན་དམ་ཆོས་ཀྱི་མཛོད༔ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་སྒྱུར༔ ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལར༔ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔ འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང་༔ ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས༔ ཐུགས་གཏེར་རྒྱ་མཚོའི་བརྡ་གྲོལ་ཀློང་ཆེན་ཞབས༔ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་རྩོལ༔ 

ཀློང་ཆེན་སྙིང་བརྒྱུད་གསོལ་འདེབས་ཁ་སྐོང་ནི། 
༈ དྲི་མེད་གཞི་དབྱིངས་ནང་གསལ་བུམ་སྐུའི་ཀློང་། །སྤྲོས་བྲལ་འོད་གསལ་ཆེན་པོར་སངས་རྒྱས་ཏེ། །ཁྱབ་བརྡལ་རབ་འབྱམས་དགོངས་པའི་རྩལ་རྫོགས་པའི། །ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །གསང་ཆེན་ཐེག་པ་མཆོག་གི་ཕོ་བྲང་དུ། །མི་ཤིགས་ཟག་མེད་དོན་དམ་བདེ་བ་ཆེར། །རྣམ་རོལ་མཁྱེན་བརྩེའི་འོད་ཟེར་འགྲོ་བའི་མགོན། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་དང་། །དབྱེར་མེད་གཏེར་ཆེན་སངས་རྒྱས་གླིང་པ་ཡི། །ཡང་སྤྲུལ་སྦས་པའི་རྣལ་འབྱོར་ཟོལ་བྲལ་བ། །ཀུན་བཟང་གཞན་ཕན་ཞབས་ལ་(འཇིགས་མེད་འཕྲིན་ལས་འོད་ཟེར་)གསོལ་བ་འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བགྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། ། འཇིགས་མེད་རྒྱལ་བའི་མྱུ་གུ་ལ་གསོལ་བ་འདེབས། །འཇམ་དཔལ་བྱིན་རླབས་བི་མའི་རྣམ་པར་འཕྲུལ། །རྒྱལ་སྲིད་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབ་བདུད་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤཱ་བ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །རིག་འཛིན་ཆེན་པོ་པདྨའི་རིང་ལུགས་ལ། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྒྲེང་མཛད་ཅིང༌། །ཡོན་ཏན་ནོར་བུའི་མཛོད་མངའ་ཆོས་ཀྱི་རྗེ། །མཁས་གྲུབ་ཨོ་རྒྱན་བསྟན་འཛིན་ལ་གསོལ་བ་འདེབས། །འཕགས་ཡུལ་མཁས་པའི་དབང་ཕྱུག་ཟླ་བ་གྲགས། །གངས་ལྗོངས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྗེ། །དབྱེར་མེད་ཐུགས་རྗེའི་ཡང་སྤྲུལ་དགེ་བའི་བཤེས། །གཞན་ཕན་ཆོས་ཀྱི་སྣང་བ་ལ་གསོལ་བ་འདེབས། ། 

རང་ལུགས་ཉེ་བརྒྱུད་གསོལ་འདེབས་ཁ་སྐོང་ནི།
༈ མདོ་སྔགས་གང་གཱ་འཛིན་མའི་གཏིང་དང་མཐའ། །ཐོས་བསམ་གྲུ་རྫིངས་ཆེན་པོས་ལེགས་དཔོག་པས། །ཉམས་རྟོགས་ཡིད་བཞིན་ནོར་བུའི་གཏེར་ལོན་པ། །དཔལ་ལྡན་རྭ་ཧོར་ཆོས་གྲགས་ལ་གསོལ་བ་འདེབས། །མ་དག་ཕུང་ཁམས་འཁྲུལ་པའི་རྫིང་བུ་རུ། །གང་འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར་བསྒྱུར་ཀྱང་། །རྣམ་དག་སྐྱེས་མེད་དབྱིངས་ལས་མ་གཡོས་པ། །སྐུ་གསུམ་ཀུན་འདུས་བླ་མར་གསོལ་བར་འདེབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨོའི་ཟིའུ་འབྲུ་ལ། །འབྲལ་བ་མེད་པ་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་རིག་འཛིན་སྐར་མས་ཁ་སྐོང་བའོ། །

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། 
༄༅། །ན་མོ༑ ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣགས་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདེན་གསུངས་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར་། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབས་རིག་འཛིན་སོ་སོའི་དགོངས་བཅུད་དང། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པས་རང་བཟོས་མ་བསླད་པར། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་སྐལ་བ་ཁོ་ནར་བཀྲམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུང་ནས་ཕྱུང་། །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེའི་གྲུབ་པའི་མཐའ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མང་དུ་ཐོས་པ་ལུང་གིས་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིགས་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཨ་ཏི་ཡོ་གའི་གསང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བསྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཅེས་པ་དེ་ཡང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་གཅིག་ཙམ་མོས་པ་ཡང་བསོད་ནམས་ཚད་མེད་པ་དང་ལྡན་ཞིང་། རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་ན་ཅི་མ་རུང་སྙམ་པའི་སྒོ་ནས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བའི་གུང་ཐུན་ཞིག་ལ་གང་ཤར་བྲིས་པ་དགེ་ལེགས་འཕེལ།།