༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷི་ཀཱ་ལཱི་ཡེ༔ བླ་མ་ཡི་དམ་མཁའ་འགྲོ་རྡོ་རྗེ་ཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ༔ དེ་ལ་འདིར་ སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེའི་ཞབས་བརྟན་གྱི་ཚིག་འགྲེལ་མདོར་ཙམ་ སྦས་ཡུལ་མཁོ་མང་ལུང་གི་མཁའ་འགྲོ་མ་བཛྲ་ཏཱ་རའི་ཐུགས་འདོད་ལྟར་ རིམ་དགུ་ཐེག་པའི་སྐྱབས་འགྲོ་དང་སྦྱར་ཏེ་བཤད་པ་ལས༑ དང་པོ་ ཕྱི་དགེ་འདུན་ ནང་མཁའ་འགྲོ་ གསང་བར་རྩ་དཀྱིལ་ དེ་ཁོ་ན་ཉིད་དུ་ སྤྲུལ་པའི་སྐུར་བཤད་པ་ནི། ཆོས་ཉིད་ གདོད་ནས་འགྱུར་བ་མེད་པའི་འོད་གསལ་གྱི་ངོ་བོ་ ཀ་དག་གཞོན་ནུ་བུམ་པ་སྐུའི་ཀློང་དུ་ ཡེ་གདོད་མ་ནས་རྣམ་པར་གྲོལ་ཟིན་ཀྱང་ ཆོས་ཅན་འོད་ལྔའི་སྣང་བ་ཐམས་ཅད་ཀྱི་འཆར་གཞི་རུ་བཞུགས་པའི་ འདུས་མ་བྱས་པ་ཆོས་ཀྱི་སྐུའི་༼ཡི་༽དཀྱིལ་འཁོར་དུ། ཞི་བའི་དབྱིངས་ལས་ཡེ་ཤེས་ཀྱི་འོད་ སྤྲུལ་པའི་སྐུའི་ཟེར་དུ་ སྲིད་པའི་མཚོར་བཀྱེས་ཀྱང་ སྲིད་པའི་མུན་ནག་གིས་གཞོམ་དུ་མེད་པར་ ཕྱིའི་བླ་མ་འཕགས་པའི་དགེ་འདུན་གྱི་གཟུགས་ ནང་གི་བླ་མ་རིགས་ལྔའི་མཁའ་འགྲོ་འབུམ་གྱི་གཙོ་བོ་ གསང་བའི་བླ་མ་རྩ་དགུས་འདུས་པའི་སྲོག་གི་དྭངས་མ་ བདུན་ཁྲི་སྙེད་ཀྱི་ལྷ་ཚོགས་རྒྱ་མཚོའི་རང་བཞིན་གྱི་སྐུར་བཞུགས་ཤིང་། དེ་ལས་གང་ལ་གང་འདུལ་གྱི་སྒྱུ་འཕྲུལ་ གདུལ་བྱ་སེམས་ཅན་གྱི་ མོས་ཁམས་དབང་པོའི་བྱེ་བྲག་དང་མཐུན་པར་ ནམ་མཁའི་མཐས་གཏུགས་པའི་བར་དུ་ འགགས་པ་མེད་པར་འགྱེད་པའི་བཀོད་པ་ནི་ ཐུགས་རྗེའི་དཔྱིད་དམ་སྙིང་རྗེའི་རྩལ་ཏེ། འཁྲུལ་མེད་སྐུའི་སྤྲུལ་པ་ སྤྲུལ་སྐུའི་བླ་མ་དགའ་རབ་རིན་པོ་ཆེར་ ཆོས་སྐུའི་ཆེ་བརྗོད་ཀྱི་སྒོ་ནས་ འགྱུར་མེད་རྡོ་རྗེ་སྐུའི་ཞབས་ཀྱི་པདྨོ་ བསྐལ་བརྒྱར་བརྟན་པའམ་ འཚོ་ཞིང་གཞེས་པར་གསོལ་བ་འདེབས་པའི་དོན་ནོ།
གཉིས་པ་
ཕྱི་དམ་པའི་ཆོས་ ནང་ཡི་དམ་གྱི་ལྷ་ གསང་བར་རླུང་ དེ་ཁོ་ན་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུར་བཤད་པ་ནི།
ཆོས་ཅན་མཚན་མ་དང་བཅས་པ་ཐམས་ཅད་ ཆོས་ཉིད་མཚན་མེད་འོད་ལྔའི་རང་བཞིན་དུ་སྤྲོ་བའི་ཆོས་ཀྱི་སྐུའི་རྩལ་ལས་
ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བ་ནི།
ཇི་སྐད་དུ། འོད་ལྔ་སྐུ་ལྔ་མ་འདྲེས་སོ་སོར་གསལ། །ཡབ་ལྔ་ཡུམ་ལྔ་ཚོམ་བུ་ལྔ་དང་ལྡན།
།ཡེ་ལྔ་ཤེས་ལྔ་རྟོགས་པ་ལྔ་དང་ལྡན། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ་དང་ལྡན། །གནས་ལྔ་ཡུལ་ལྔ་ངོ་བོ་ལྔ་དང་ལྡན།
། ཞེས་པར་ལྟར་ཏེ། ས་བཅུ་ལམ་ལྔའི་ཡོན་ཏན་ཚད་དུ་ལོངས་པ་དང་།
འོད་གསལ་དག་པ་ལ་སྤྱོད་པ། དོན་གཉིས་ལྷུན་གྱི་གྲུབ་པ་དང་།
ཡེ་ཤེས་ཚད་དུ་ཕྱིན་པ། མཚན་དཔེའི་འོད་ཟེར་འདྲེས་མེད་ཀྱི་གཟུགས་སུ་བཞུགས་པའི་ལོངས་སྤྱོད་རྫོགས་པ་དེའི་དཀྱིལ་འཁོར་དུ། ནོར་བ་དང་འཁྲུལ་པའི་ཆ་གཞི་མེད་དུ་དག་པའི་བླ་མ་ ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་གཏེར་་ཆོས་ འཆི་མེད་ལྷའི་བདུད་རྩི་ལྟ་བུའི་གསུང་།
གསང་བ་ལས་ཀྱང་ཆེས་ངེས་པར་དུ་གསང་བའི་ཐེག་པ་མཆོག་གི་དབང་ལུང་མན་ངག་
གདུལ་བྱའི་མོས་ཁམས་དབང་པོ་དང་མཐུན་པར་འཛད་མེད་དུ་སྩལ་བ་
གང་གིས་ཐོས་ན་དེའི་བདུད་བཞི་རྣམ་པར་འཇོམས་པའི་ནུས་སྟོབས་ མི་ཤིགས་པ་དང་མི་འཇིག་པ་རྡོ་རྗེ་ལྟ་བུའི་གདངས་
འགགས་པ་མེད་པའི་རང་བཞིན། འགག་མེད་གསུང་གི་སྤྲུལ་པའི་བླ་མ་དགའ་རབ་རིན་པོ་ཆེར་
ལོངས་སྤྱོད་རྫོགས་པའི་སྐུའི་ཆེ་བརྗོད་ཀྱི་སྒོ་ནས་ འགག་མེད་རྡོ་རྗེ་གསུང་གི་ཞབས་ཀྱི་པདྨོ་
བསྐལ་བརྒྱར་བརྟན་པའམ་ འཚོ་ཞིང་གཞེས་པར་གསོལ་བ་འདེབས་པའི་དོན་ནོ།
གསུམ་པ་
གསང་བར་ ཕྱི་དུས་གསུམ་གྱི་སངས་རྒྱས་ ནང་བླ་མ་པདྨ་ཀཱ་ར་ གསང་བར་ཐིག་ལེ་བྱང་ཆུབ་ཀྱི་སེམས་
དེ་ཁོ་ན་ཉིད་དུ་ ཆོས་ཀྱི་སྐུར་བཤད་པ་ནི། གདོད་ནས་རང་དོན་ཆོས་སྐུ་མངོན་དུ་གྱུར་ཀྱང་
ད་དུང་ཐུགས་རྗེ་ཕྱོགས་ལྷུང་མེད་པའམ་ རང་གྲོལ་བྱར་མེད་ཀྱི་ཀློང་ནས་ གཟུགས་སྐུའི་བཀོད་པ་ཀུན་ཁྱབ་ནམ་མཁའི་མཐའ་དང་མཉམ་པར་གྲུབ་པའི་སྤྲུལ་པའི་སྐུའི་དཀྱིལ་འཁོར་དུ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ དྲི་མ་དང་བཅས་པ་མེད་པར་གྱུར་པའམ་ཡོངས་སུ་དག་པའི་ བླ་མ་འབྲས་བུའི་སངས་རྒྱས་ཀུན་འདུས་པའི་
ཆོས་ཀྱི་༼གྱི་༽ སྐུའི་ཐུགས། ཆོས་ཉིད་དངོས་པོའི་གཤིས་ཀྱི་རང་བཞིན་མཐར་ཐུག་པའི་དབྱིངས་སུ་
འཕྲི་བསྣན་དང་ཆེ་ཆུང་བཟང་ངན་མེད་པར་ རང་བྱུང་གྱི་དབྱིངས་དང་གནས་ལུགས་དོན་གྱི་ཡེ་ཤེས་ཟང་ཐལ་ཆེན་པོའི་ཀློང་ནས་སྐད་ཅིག་མི་འདའ་བར་བཞུགས་པའི་རང་བཞིན། སྒྲིབ་མེད་ཐུགས་ཀྱི་སྤྲུལ་པའི་བླ་མ་
དགའ་རབ་རིན་པོ་ཆེར་ སྤྲུལ་པའི་སྐུའི་ཆེ་བརྗོད་ཀྱི་སྒོ་ནས་
སྒྲིབ་མེད་རྡོ་རྗེ་ཐུགས་ཀྱི་ཞབས་ཀྱི་པདྨོ་ བསྐལ་བརྒྱར་བརྟན་པའམ་ འཚོ་ཞིང་གཞེས་པར་གསོལ་བ་འདེབས་པའི་དོན་ནོ། འདིར་ ཆོས་སྐུའི་སྐབས་སུ་
སྤྲུལ་སྐུའི་ཆེ་བརྗོད་དང་ སྤྲུལ་སྐུའི་སྐབས་སུ་ཆོས་སྐུའི་ཆེ་བར་བརྗོད་པ་ནི་ཆེད་དུས་ལགས་ཤིང་
རིམ་དགུ་ཐེག་པའི་སྐྱབས་ཡུལ་ ཕྱི་དཀོན་མཆོག་གསུམ་ ནང་རྩ་བ་གསུམ་
གསང་བར་རྩ་རླུང་ཐིག་ལེ་ དེ་ཁོ་ན་ཉིད་དུ་ངོ་བོ་རང་བཞིན་ཐུགས་རྗེ་སྟེ་གཞི་དབྱིངས་སྐུ་གསུམ་
རྩ་བའི་བླ་མར་རོ་གཅིག་ཏུ་ལྟ་བའི་སྒོ་ནས་གསོལ་བ་འདེབས་པའི་དོན་ལགས་སོ།
བཞི་པ་ ཕྱི་སྣང་ཚད་སྐུ་
ནང་གྲགས་ཚད་གསུང་ གསང་བར་རིག་ཚད་ཐུགས་ དེ་ཁོ་ན་ཉིད་དུ་ སྣང་གྲགས་རིག་གསུམ་
ངོ་བོ་རང་བཞིན་ཐུགས་རྗེ་ ཟུང་འཇུག་བདེ་བ་ཆེན་པོའི་དབྱིངས་ ངོ་བོ་ཉིད་ཀྱི་སྐུར་བཤད་པ་ནི།
དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་གཅིག་
ཆོས་ཀྱི་དབྱིངས་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་ དེ་ཁོ་ན་ཉིད་ཀྱི་ངོ་ན་
རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་ ཆོས་སྐུའི་ངོ་ན་ ཀུན་ཏུ་བཟང་མོ་
ལོངས་སྐུའི་ངོ་ན་རྡོ་རྗེ་རྣལ་འབྱོར་མ་ སྤྲུལ་སྐུའི་ངོ་ན་ ཀྲོ་དྷི་ཀཱ་ལཱི་སྟེ་
རང་དོན་དེ་བཞིན་ཉིད་ཀྱི་ཆ་ནས་ ངོ་བོ་ཉིད་སྐུའམ་ ཡེ་ཤེས་ཀྱི་ཆ་ནས་ཆོས་སྐུར་ཡེ་ནས་གྲུབ་ཟིན་ཀྱང་
གཞན་དོན་གཟུགས་སྐུས་འོག་མིན་གྱི་ཞིང་དུ་སངས་རྒྱས་མཁའ་འགྲོ་འབུམ་གྱི་རྗེ་མོར་བཞུགས་ཤིང་
མི་མཇེད་ཞིང་སོགས་ རྡུལ་སྙེད་སྤྲུལ་པའི་ཞིང་དུ་ རིགས་བཞིའི་མཁའ་འགྲོ་འབུམ་ཕྲག་གི་བདག་མོར་བཞུགས་པའི་དཀྱིལ་འཁོར་དུ། མ་ཅིག་ཁྲོས་མ་ནག་མོ་འདི་ཉིད་དང་དབྱེར་མེད་ཟུང་དུ་འཇུག་པའི་བླ་མ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་སྟེ་ སྐུ་གསུམ་གཅིག་འདུས་ཀྱི་མཁའ་འགྲོའི་ ཐུགས་རྗེ་ཆུ་ཟླ་རུ་ཤར་བའི་རང་རྩལ ངོ་བོ་ཉིད་ཀྱི་སྐུ། སྐལ་ལྡན་ལས་འཕྲོ་ཅན་རྣམས་ལ་
གང་ལ་གང་འདུལ་གྱི་སྒྱུ་འཕྲུལ་ཆེན་པོས་ གསང་བ་ལས་ཀྱང་ཆེས་གསང་བ་ཆེན་པོའི་གཏེར་ཆོས་ ཚེ་ཅིག་སངས་རྒྱས་ཐོབ་པར་བྱེད་པའི་ཉེ་ལམ་ ནམ་མཁས་གར་ཁྱབ་ཀྱི་ས་སྟེང་ཀུན་ཏུའམ་ཀུན་འགྲོར་
ཉི་མའི་འོད་བཞིན་སྣང་བར་བྱེད་པའི་བང་མཛོད་དུ་གཞེངས་ཏེ་
མ་གྱུར་འབུམ་གྱི་འདྲེན་མཆོག་ཏུ་ཕེབས་པ། སྤྲུལ་དང་ཡང་སྤྲུལ་ཀུན་གྱི་གཞི་དབྱིངས་ཡེ་ཤེས་ཀྱི་
ཁྱབ་བདག་བླ་མ་ དགའ་རབ་རིན་པོ་ཆེར་ ངོ་བོ་ཉིད་སྐུའི་ཆེ་བརྗོད་ཀྱི་སྒོ་ནས་
གསང་གསུམ་འཛད་མེད་རྡོ་རྗེའི་རང་བཞིན་དུ་ཞབས་ཀྱི་པདྨོ་ བསྐལ་བརྒྱར་བརྟན་པའམ་ འཚོ་ཞིང་གཞེས་པར་གསོལ་བ་འདེབས་པའི་དོན་ནོ།
དེ་ལྟར་དད་པ་དང་མོས་གུས་ཆེན་པོས་
བླ་མ་རིན་པོ་ཆེ་བརྟན་འགྲོའི་སླད་དུ་འཚོ་ཞིང་གཞེས་ཏེ་བཞུགས་པར་གསོལ་བ་བཏབ་པ་འདི་ནི་ བསོད་ནམས་རྒྱ་ཆེན་པོའི་གཞི་ཡིན་པ་དང་།
བསོད་ནམས་དེའི་མཐུ་ནི་ ཆོས་ཅན་བསླུ་བ་མེད་པ་དང་ ཆོས་ཉིད་རྣམ་པར་དག་པའི་བདེན་པ་ལ་རྟེན་ནས་ སྐད་ཅིག་དེ་ཉིད་ལ་རྣམ་པར་སྨིན་པ་དང་། དུས་གསུམ་གྱི་རིག་པ་འཛིན་པ་ རྒྱལ་བ་སྲས་དང་བཅས་པ་རྒྱ་མཚོའི་མཐའ་ཀླས་པ་དག་གིས་ཀྱང་ དེ་དེ་བཞིན་བྱིན་གྱིས་བརླབ་པ་དང་། རྒྱལ་ཀུན་མ་ལུས་སྐྱེད་པའི་མ་གཅིག་མཁའ་འགྲོ་ཁྲོས་མ་ནག་མོའི་གསང་གསུམ་གྱི་མཐུ་དང་སྟོབས་དཔག་ཏུ་མེད་པའི་མཐུས་ ༼ཀྱིས༽།
མ་གྱུར་འགྲོ་རྣམས་ཀུན་གྱི་སྐྱབས་མགོན་དམ་པ་
དགའ་རབ་རྡོ་རྗེ་ཁྱོད་ཉིད་ སྐུ་ཚེ་ཉི་ཟླ་ལྟ་བུར་ བསྐལ་པ་བརྒྱའི་བར་དུ་བརྟན་ཅིང་བཞུགས་པར་གྱུར་ཅིག་ཅེས་སྨོན་པའི་དོན་ནོ།
མཇུག་བྱང་༑ ཞེས་པ་འདི་ཡང་ འབྲུག་ལྷོ་མོན་ནགས་མོའི་ལྗོངས་ ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་ལོ་མ་རྣམ་པར་འཕྱུར་བའི་ ནགས་ཚལ་ཆེན་པོའི་དབུས་སུ། སུམ་ཅུ་རྩ་སུམ་གྱི་ལྷ་ཡུལ་ས་ལ་འཕོས་པ་དང་འདྲ་བར། དགའ་སྐྱིད་དཔལ་དུ་འཛོམས་པའི་རང་བཙན་གྱི་ དཔག་བསམ་ལྗོན་ཤིང་འཁྲུངས་པའི་སྐྱེད་མོའི་ཚལ། ལྷུན་གྲུབ་རྩེའི་ཕོ་བྲང་གི་མདའ་ལུང་ ཨོ་རྒྱན་པདྨའི་སྦས་ཡུལ་མཁོ་མ་ལུང་དུ་ ལས་དང་སྐལ་བ་མཐུན་ཏེ་ ལྷའི་བུ་དང་བུ་མོ་ ཁྲོས་མའི་གཅོད་ཀྱི་འབྲས་བུར་ལོངས་སུ་སྤྱོད་པར་འཛོམས་པའི་ཆོས་རྭ་དེ་ནས། བཛྲ་ཏཱ་རའི་མིང་ཅན་གྱི་ གསང་བ་མཆོག་གི་དགའ་མ་དེས་ ཡང་ཡང་བསྐུལ་བའི་ངོར་། འཛམ་གླིང་ནུབ་ཕྱོགས་ མགོ་སེར་གྱི་ཡུལ་གླིང་ ཨར་འདམ་གྱི་བྲག་རོང་མཐོན་པའི་རི་ཁྲོད་དམ། འཚོ་བྱད་འདོད་ཡོན་རང་བྱུང་གི་ སྦས་གནས་གསང་གི་ཕུག་གཉིས་པ་ རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས། དེང་རབས་ཀྱི་རིག་པ་འཛིན་པ་ དྲ་རྒྱའི་ནམ་མཁའ་འཕར་ཏེ་ ཕྱི་ནང་ཤེས་བྱའི་གཤོག་རྩལ་དང་ སྒོམ་པའི་ཡང་རྩལ་སྦྱོང་པར་སྤྲོ་བའི་ རྒྱུ་སྐར་གྱི་དབང་པོའམ་ བེམ་རིག་མཉམ་སྦྱར་གྱི་གོག་ཧྲུལ་ དེས་ཕུལ་བ་དགེའོ། ། ། །སརྦ་མངྒ་ལཾ། །
